R16: དཔལ་ལྡན་ས་སྐྱ་པཎྜི་ཏའི་རྣམ་ཐར་ཀུན་མཁྱེན་རིན་ཆེན་དཔལ་གྱིས་མཛད་པ།

  • Pagination (Witness A): ༡༠༡
[A:༡༠༡]རཀྵི་ཏས་མཛད་པ་དང༌། རྡོ་རྗེ་དྲིལ་བུ་བའི་སྐོར་རྣམས་དང༌། དེ་ལས་གཞན་པའི་མན་ངག་ཕྲ་མོ་ཅི་རིགས་པ་རྣམས་ལ། ཨ་བྷ་ཡ་ཀ་རས་མཛད་པའི་རྡོ་རྗེ་ཕྲེང་བ་ལས་བདེ་མཆོག་གི་སྐབས་དེ་ཞུས་ཤིང་ལུང་བླངས་ཀྱི་རྫོགས་པར་ནི་ཞིབ་ཏུ་མ་གསན་ཞེས་གསུངས་སོ། །གཞན་ཡང་དེ་ཉིད་ལས་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་མཛད་པའི་བརྟག་པ་གཉིས་པའི་འགྲེལ་པ་དང༌། དཔལ་ཕྱག་ན་རྡོ་རྗེའི་བསྟོད་འགྲེལ་གྱི་ལུང་ཙམ་བླངས་པ་ཡིན་ལ། དེ་ལས་གཞན་སྒྲ་དང་ཚད་མ་རྣམས་དང༌། ཕ་རོལ་ཏུ་ཕྱིན་པ་དང༌། འདུལ་བ་དང༌། རྡོ་རྗེ་ཐེག་པའི་གཞུང་ལུགས་གང་ཞིག་གསན་པ་དེ་ཐམས་ཅད་ལ་ལེགས་པར་བསམས་ཤིང་གཏུགས་ཏེ་སོམ་ཉི་མེད་པར་མ་ལུས་པ་རྟོགས་ཤིང་ཁོང་དུ་ཆུད་པ་ཡིན་ནོ་ཞེས་གསལ་བར་ངེས་པ་ཡིན་ནོ། །ཡང་གནས་སྐབས་དེ་ཉིད་དུ་བསོད་སྙོམས་པ་ཆེན་པོ་དེ་ཉིད་ཀྱི་ཞབས་རྡུལ་ལ་མངོན་པར་མཆོད་ཅིང་གསུང་རབ་ཀྱི་བདུད་རྩི་བློ་གྲོས་ཀྱིས་སྙིམ་པས་གསོལ་ཞིང་གདུང་རྒྱུད་དྲི་མ་མེད་པར་གྱུར་པའི་མཁས་པ་ཆེན་པོ་པཎྜི་ཏ་སཾ་གྷ་ཤྲཱི་ཞེས་བྱ་བ་ལས་སྒྲ་དང་ཚད་མ་ལ་སོགས་པ་གང་ཞིག་གསན་པ་དེ་གསལ་བར་བརྗོད་ན། སྒྲའི་བསྟན་བཅོས་འདི་པ་ཁོ་ནའི་གསུང་རབ་ཀྱི་དག་བྱེད་ཙནྡྲ་པ་དང༌། མིང་དང་བྱིངས་སྒྲུབ་པའི་རབ་ཏུ་བྱེད་པ། སུ་བནྟི་དང་ཏི་ངན་ཏི་གཉིས་དང་སྒྲ་ཀཱ་ལ་པའི་བྱེད་པའི་ཚིག་བསྒྲུབ་པ་པུཎྱ་ཤྲཱིས་མཛད་པའི་པྲ་ཀྲྀ་ཡ་དང༌། སྙན་ངག་གི་བསྟན་བཅོས་གཞོན་ནུ་འབྱུང་བ་དང༌། སྙན་ངག་གི་བསྟན་བཅོས་དཎྜི་དང༌། དབྱངས་ཅན་གྱི་མགུལ་རྒྱན་སྟོང་ནས་སྟོང་ཕྲག་བཞི་དང༌། སྡེབ་སྦྱོར་འཕགས་པ་འཇམ་དཔལ་གྱི་བསྟོད་པ་ལ་གཞི་བྱས་པ་བྲྀ་ཏ་མ་ལ་ཞེས་བྱ་བ་དང་བཅས་པ་གསན་ཅིང་ཐུགས་སུ་ཆུད་པར་མཛད་ནས་ཚད་མའི་གཞུང་ལུགས་ལ་རྣམ་འགྲེལ་ལེའུ་དང་པོ་རྩ་བ་ཡིད་ཀྱི་ཤིང་རྟའི་བཤད་པ་ཀུན་ལས་བཏུས་དང་སྦྱར་བ་གསན། དེའི་ལེའུ་དང་པོའི་འགྲེལ་པ་སྟོང་ཕྲག་གཉིས་བསྒྱུར་ཞིང་ཞུས་པ་དང༌། ཡན་ལག་གི་བསྟན་བཅོས་རྩོད་པའི་རིགས་པ་སློབ་དཔོན་ཞི་བ་འཚོའི་འགྲེལ་པ་