[A:༡༠༢]དང༌། བྲམ་ཟེའི་འགྲེལ་པ་དང་བཅས་པ་གསན་ནས་ཉིད་ཀྱིས་བསྒྱུར། གཏན་ཚིགས་ཀྱི་ཐིགས་པ་ཨ་ཙ་ཏའི་འགྲེལ་པ་དང་བཅས་པ་གསན། སྔར་བཤད་པའི་རྣམ་བཤད་རིགས་པ་འགྲེལ་པ་དང་བཅས་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་རྩ་རྐྱང་གི་བཤད་པ་དང༌། ཛྙཱ་ན་ཤྲཱིས་མཛད་པའི་ལག་གི་བརྡ་ཞེས་བྱ་བའི་རབ་ཏུ་བྱེད་པ་ཆུང་ངུ་དང༌། སློབ་དཔོན་ཨཱརྱ་དེ་ཝས་མཛད་པའི་དབུ་མ་བཞི་བརྒྱ་པ་དང༌། དཔལ་ལྡན་དུས་ཀྱི་འཁོར་ལོའི་དབང་མདོར་བྱས་ཞེས་བྱ་བ་དེ་སྔར་གསན་པ་དེ་དང་བཅས་པ་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པ་ཡིན་ནོ་ཞེས་རྟོགས་པར་བྱའོ། །དེ་ནས་ཡང་གངས་ཅན་གྱི་ཁྲོད་འདིར་རིག་པའི་དབང་ཕྱུག་དམ་པར་གྲགས་ཤིང་གཞལ་བྱའི་གནས་ལ་བློ་གྲོས་རྣམ་པར་དག་པས་དཔྱོད་པར་ནུས་པའི་བདག་ཉིད་ཆེན་པོ་ཕྱྭ་པ་ཆོས་ཀྱི་སེང་གེའི་གསུང་རབ་ཀྱི་སྒྲོས་འཛིན་པ། ཕྱ་དབང་ཕྱུག་སེང་གེ་ཞེས་བྱ་བའི་ཐད་དུ་དབུ་ཚད་དང༌། བྱམས་ཆོས་ལ་སོགས་པ་ལེགས་པར་གཏུགས་ཤིང་མཁས་པར་སྦྱངས་ཏེ་གཞན་ལ་སྟོན་པར་མཛད་པ་དང༌། རྗེ་བཙུན་དཔལ་ལྡན་ས་སྐྱ་པ་ཉིད་ཀྱི་ཞབས་ཀྱི་རྡུལ་ལ་ཡང་དག་པར་རྗེད་པའི་སྡོམ་བརྩོན་དམ་པ་སྐྱབས་ཀྱི་མཐའི་མཚན་དང་ལྡན་པ་དེ་དཔལ་ལྡན་ས་སྐྱ་ནས་རྒྱང་གྲགས་གསུམ་བགྲོད་པ། འཕྲང་གི་གཙུག་ལག་ཁང་ན་བཞུགས་པ་ན་དེ་ཉིད་དུ་བྱོན་ནས་དྲི་མ་མེད་པའི་བསྟན་བཅོས་མཐའ་དག་གསན་པ་ནི་འདི་ལྟ་སྟེ། བཅོམ་ལྡན་འདས་མགོན་པོ་བྱམས་པས་མཛད་པའི་ཐེག་པ་ཆེན་པོ་མདོ་སྡེ་རྒྱན་རྩ་འགྲེལ་དང༌། རྒྱུད་བླ་མ་རྩ་བ་དང་འགྲེལ་པར་བཅས་པ་དང༌། དབུས་དང་མཐའ་རྣམ་པར་འབྱེད་པ་རྩ་འགྲེལ་དང༌། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་རྩ་འགྲེལ་ཏེ། མངོན་པར་རྟོགས་པའི་རྒྱན་མ་གཏོགས་པའི་བྱམས་ཆོས་ཕྱི་མ་བཞི་དང༌། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་ལ་དབུ་མ་རྩ་བའི་ཤེས་རབ་དང༌། རིགས་པ་དྲུག་ཅུ་པ་དང༌། སྟོང་ཉིད་བདུན་ཅུ་པ་དང༌། ཞིབ་མོ་རྣམ་པར་འཐགས་པ་གཞན་ཕྲ་མོ་ཅི་རིགས་པ་དང་བཅས་