[A:༡༠༣]པ་དང༌། བསླབ་པ་ཀུན་ལས་བཏུས་པའི་འགྲེལ་བཤད་དང༌། སློབ་དཔོན་ཡེ་ཤེས་སྙིང་པོའི་དབུ་མ་བདེན་གཉིས། སློབ་དཔོན་ཞི་བ་འཚོས་མཛད་པའི་དབུ་མ་རྒྱན་དེ་ཇི་སྙེད་ཅིག་གསན་ཅིང་མངོན་དུ་མཛད་པ་ལས། འབྱེད་རྣམ་པ་གཉིས་ལ་སོགས་པ་འགའ་ཞིག་ནི་དགེ་བའི་བཤེས་གཉེན་དེ་དཔལ་ས་སྐྱ་ཉིད་དུ་གདན་དྲངས་ནས་གསན་པ་ཡིན་ནོ། །དེ་ནས་ཡང་དཔལ་ས་སྐྱ་པ་བརྩེ་བ་ཆེན་པོ་ཉིད་ཀྱི་ཐུགས་ཀྱི་སྲས་སྡོམ་བརྩོན་དམ་པ་སྡེ་སྣོད་འཛིན་པ་ཆེན་པོ། བྱང་ཆུབ་སེམས་དཔའ་ལག་ན་པདྨོའི་བཞུགས་གནས། སྒྲུབ་པ་ནན་ཏན་དུ་བྱེད་པའི་སྐྱེས་བུ་གང་དག་བཞུགས་པ་དེ་རྣམས་ཀྱི་ཞབས་འབྲིང་འགྲོ་བ་རྒྱུད་ཡོངས་སུ་དག་པ་འགའ་ཞིག་གིས་བྱེད་པ་ཡོད་དོ་ཞེས་ཡོངས་སུ་གྲགས་པའི་ས་ཆ་ན་བཞུགས་པའི་རྒྱལ་སྲས་དམ་པ་དེ་ལས་རྒྱལ་བའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཆོས་མངོན་པའི་སྡེ་སྣོད་དང༌། མན་ངག་གི་ཚོགས་བརྗོད་ཀྱིས་མི་ལང་བ་དང་བཅས་པ་གསན་པའི་ཚུལ་ཅུང་ཟད་བརྗོད་ན། དེ་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་རྩ་འགྲེལ་དང༌། མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ་ལེགས་པར་གསན་ཅིང༌། ཡུམ་བར་མའི་འགྲེལ་པ་ཉི་ཁྲི་སྣང་བ་འདི་ཞིབ་ཏུ་ཕྱེ་སྟེ་བཤད་པ་མ་མཛད་ཀྱི་ལུང་ལེགས་པར་བླངས་པ་ཡིན་ནོ། །ཡང་རྒྱལ་སྲས་ཐོགས་མེད་ཀྱི་གཞུང་ལ་ཆོས་མངོན་པ་ཀུན་ལས་བཏུས་པ་རྩ་འགྲེལ་གསན་པ་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་དེ་དཔལ་ས་སྐྱ་ཉིད་དུ་བྱོན་པའི་ཚེ་ཞུས་པ་ཡིན་ནོ། །གཞན་ཡང་དེ་ལས་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱི་གདམས་ངག་གསན་པ་ནི། ཤར་ཕྱོགས་བྷངྒ་ལའི་སློབ་དཔོན་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ཞེས་བྱ་བ་བོད་དུ་བྱོན་ཏེ། རྗེས་སུ་གནང་བའི་རིམ་པ་དགེ་བའི་བཤེས་གཉེན་སྣེ་ཟུར་བ་ནས་བརྒྱུད་པ། ཇོ་བོ་ཉིད་ཀྱིས་མཛད་པ་བྱང་ཆུབ་སེམས་དཔའི་ལམ་གྱི་སྒྲོན་མ་དང༌། བདེན་པ་གཉིས་བསྟན་པ་དང༌། དབུ་མའི་མན་ངག་ལ་སོགས་པ་ཕྲ་མོ་བརྒྱ་རྩ་བརྒྱད་ཅེས་གྲགས་པ་ཐམས་ཅད་དང༌། ལམ་གྱི་