[A:༡༠༧]རྩེ་མོ་ཅན་མཆོད་ཚངས་སྐུད་མཆོད་ཕྱིར་ཐོགས་པ་འཆང༌། །རིག་བྱེད་ཀུན་སྦྱང་ངེས་བརྗོད་འདོན་མཁས་སྒྲ་དང་སྡེབ་སྦྱོར་མཐར་སོན་པ། །བདག་ཏུ་ལྟ་བའི་ལྟ་བ་ལ་བལྟ་རྒྱུན་དུ་དཀའ་སྤྱོད་ང་རྒྱལ་ཅན། །དེ་ལྟའི་ཚུལ་ཅན་མུ་སྟེགས་གླང་ཆེན་རབ་ཏུ་མྱོས་པའི་ཀླད་འགེམས་པ། །དཔལ་ལྡན་སྨྲ་བའི་སེང་གེ་བློ་གྲོས་སྟོབས་ལྡན་རིག་པའི་མཆེ་བ་ཅན། །བརྡ་སྤྲོད་བྱེད་གཞུང་ཡན་ལག་རབ་རྫོགས་བདེ་གཤེགས་བསྟན་པའི་རལ་པས་བརྗིད། །ལེགས་སྦྱར་ང་རོ་སྙན་ཚིག་གད་རྒྱངས་རྟག་ཆད་སུན་འབྱིན་མིག་བགྲད་པ། །དེ་ལྟའི་རི་དགས་རྒྱལ་པོ་དེ། །དཔལ་ལྡན་ས་སྐྱའི་གངས་རིར་གནས། །བློ་གསལ་རྣམས་ཀྱི་རི་དགས་སྐྱོང༌། །རྒོལ་བ་ངན་པའི་ཝ་ཚོགས་འཇོམས། །ད་དུང་དུ་ཡང་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱི་ཕམ་བྱས་ནས། །བདེ་བར་གཤེགས་པའི་བསྟན་པའི་ཚུལ། །ཀུན་དགའི་རྒྱལ་མཚན་འཛིན་པར་ཤོག །ཅེས་གསུངས་ཏེ་འདི་རྒྱས་པར་མཛད་དོ། །དེ་ལས་གཞན་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ། ལྷའི་འགྲོ་བར་གཏོགས་པ་འགའ་ཞིག་ལ་མནལ་ལམ་དུ་ཞུས་ལན་གྱི་ཚུལ་གྱིས་གདམས་ངག་དང་རྗེས་སུ་གདམས་པ་བསྟན་པ་ལ་སོགས་པ་རྨད་དུ་བྱུང་བའི་རྟོགས་པ་བརྗོད་པ་དུ་མ་ཞིག་མངའ་བར་མཐོང་སྟེ། ཐོས་ལ་རྟོགས་མོད་འདིར་མ་བྲིས་སོ། །དེ་བས་ན་རྗེས་སུ་འཇུག་པ་གཞན་གྱིས་ཀྱང་རོལ་མོའི་བསྟན་བཅོས་ཞེས་བྱ་བ་འདི་ཉིད་ཀྱི་གསུང་རབ་ལས། ཤེས་བྱའི་གནས་ལ་རབ་མཁས་ཤིང༌། །ལམ་གྱི་དམིགས་པ་མ་ལོག་པས། །ཐམས་ཅད་མཁྱེན་པ་ཐོབ་འགྱུར་བ། །འདི་ནི་མཁས་རྣམས་དགའ་བྱེད་ཡིན། །ཞེས་གསུངས་པ་ལྟར་བརྩོན་པར་རིགས་སོ། །དྲི་མེད་སྙན་ཚིག་དཔེ་དང་ངེས་བརྗོད་སྲད་བུས་མགུལ་རྒྱན་དུས་སྦྱོར་འཕྲོག་མཛེས་བརྩེ་བའི་གདན། །བརྡ་སྤྲོད་བྱེད་པའི་དག་བྱེད་རིགས་པའི་རིག་བྱེད་མཐར་སོན་གནས་གསུམ་ལེགས་རྟོགས་རྩེ་གསུམ་ཅན། །དེ་ཉིད་གསུམ་རིག་