[A:༡༠༦]ཅད་ཆོས་ཀྱི་རྗེ་ཉིད་དང༌། བདེ་བར་གཤེགས་པའི་རྟེན་ལ་ཕྱག་མི་འཚལ་བར་བདེ་ལེགས་དང་བསྔགས་པར་འོས་པའི་ཚིགས་སུ་བཅད་པ་རེ་རེ་ཙམ་བཏོན་ནས་གྲལ་ལ་འཁོད་པ་ནས་འདི་སྐད་སྨྲ་སྟེ། ངེད་ཀྱི་རིགས་ཐམས་ཅད་ཀྱིས་བླ་མ་ཚངས་པ་ནས་བརྩམས་ཏེ་དེང་སང་གི་བར་དུ་གཽ་ཏ་མའི་བསྟན་པ་ལ་མི་ལྟོས། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་མ་མྱོང་བས་དྲང་སྲོང་གི་རིགས་རྣམ་པར་དག་པ་ཁོ་བོ་ཅག་ཡིན་ནོ་ཞེས་དྲེགས་ཤིང་སྨྲ་བར་བྱེད་དོ། །དེའི་དུས་སུ་ཆོས་ཀྱི་རྗེ་འདིས་གསུངས་པ་ནི། ཅི་ཚངས་པ་དེ་ནི་སྟོན་པ་ལ་ཤིན་ཏུ་གུས་པ་ཡིན་ན། འོན་ཀྱང་དེ་གཏི་མུག་ཆེ་བས་གཉིད་ཀྱིས་ནོན་པ་མ་ཡིན་ནམ། ཇི་སྐད་དུ། རབ་མཆོག་ལག་པ་བཞི་པ་བཅུ་དྲུག་ཕྱེད་ཕྱེད་ཕྱོགས་ཀྱི་གདོང་པ་ཅན། །བཟླས་དང་ངེས་པའི་ཆོ་ག་ཤེས་ཤིང་ངེས་བརྗོད་རིག་བྱེད་འདོན་པ་པོ། །དྲི་མེད་པདྨའི་སྐྱེ་གནས་ཚངས་པ་དེ་ཡང་གཉིད་ལོག་གྱུར། ཁོ་བོའི་སྟོན་པ་སྟོབས་བཅུ་མངའ་བ་དེ་ནི་རྟག་ཏུ་རབ་ཏུ་མངའ་བ་ཉིད་དུ་ནམ་ལངས་པའོ། །ཞེས་གསུངས་པས། དེ་དག་མ་བཟོད་ཅིང་མ་རངས་པས་འབེལ་བའི་གཏམ་གྱི་སྐབས་ཉིད་དུ་རྒོལ་བ་ངན་པ་དེ་རེ་རེ་ནས་ཕྱུང་ཞིང་ཕམ་པར་མཛད་དེ། མི་སྨྲ་བའི་བརྟུལ་ཞུགས་ལ་བཀོད་ནས། སླར་ཡང་དེ་ཐམས་ཅད་ཀྱི་ལྟ་བ་ངན་པས་བསྙེམས་པའི་དྲི་མ་མེད་པར་མཛད་དེ་རལ་པའི་ཁུར་བྲེགས་ནས་ཉིད་ཀྱི་ཐད་དུ་རབ་ཏུ་བྱུང་སྟེ། ངེས་པར་འབྱུང་བ་རིན་པོ་ཆེའི་འབྱོར་པ་དང་ལྡན་པར་མཛད་པའི་སྐབས་སུ། ཤཱཀྱའི་རྒྱལ་པོ་དེའི་བསྟན་པ་ལ་རྨ་འབྱིན་པ་གང་དག་བྱུང་བ་ན་སླར་ཡང་འདུལ་བར་བྱའོ་ཞེས་དགོངས་ཏེ་འདི་གསུངས་པ། རྒྱ་མཚོའི་གོས་ཅན་རྒྱ་མཚོའི་མཐའ་ཀླས་ས་ཆེན་འདི་ན་ལྷ་ཆེན་པོ། །འཕྲོག་བྱེད་དྲེགས་བྱེད་དེ་དག་ལྷར་བྱེད་ཐུབ་པ་དྲང་སྲོང་གརྒ་སོགས། །རྒྱས་པ་གྲོག་མཁར་བ་དང་གཟེགས་ཟན་རྐང་མིག་སེར་སྐྱའི་རྗེས་འཇུག་པ། །ཐོར་ཚུགས་ཤིང་ཤུན་ལོ་མའི་གོས་ཅན་ཐལ་བ་དབྱུ་གུ་ཀུ་ཤ་ཐོགས། །རལ་པའི་ཁུར་འཛིན་མུན་ཛས་ལེགས་དཀྲིས་རི་དྭགས་གཡང་གཞིའི་སྟོད་གཡོགས་ཅན། །སོར་རིས་གསུམ་མཚན་