R16: དཔལ་ལྡན་ས་སྐྱ་པཎྜི་ཏའི་རྣམ་ཐར་ཀུན་མཁྱེན་རིན་ཆེན་དཔལ་གྱིས་མཛད་པ།

  • Pagination (Witness A): ༡༠༨
[A:༡༠༨]འདོན་པར་བརྩོན་ལྡན་ཚིག་དོན་དྲུག་པ་གསུམ་གྱི་ལྷག་བཅས་ལྷ་ཡི་ལྷས། །དྲེགས་པ་དེ་དག་གང་གིས་རྗེས་བཟུང་དྲང་སྲོང་མཆོག་དེས་བདག་བློ་དྲི་མ་བཀྲུ་བར་མཛོད། །སློབ་འདོད་སློབ་མའི་བསླབ་གཞི་བྱེད་པ་ཡི། །འབྱུང་གནས་སྟོན་པ་ཉིད་བཞིན་སྟོན་མཛད་ཅིང༌། །བསྟན་ལ་བསྟན་པའི་བྱ་བ་ལེགས་བསྒྲུབས་པ། །བརྟུལ་ཞུགས་གྲུབ་པ་ཁྱེད་ལ་བདག་སྐྱབས་མཆི། །རྒྱལ་བའི་གསུང་རབ་མ་ལུས་རྒྱལ་སྲས་ཀྱིས། །བསྟེན་མཛད་རྒྱལ་བ་རྒྱ་མཚོ་བསྐྲུན་པའི་ཡུལ། །རྒྱལ་བའི་དགོངས་པ་ཕྱོགས་ལས་རྣམ་རྒྱལ་བ། །རྒྱལ་མཛད་རྒྱལ་གཉིས་མཆོག་ལ་བདག་གསོལ་འདེབས། །འགྲོ་རྣམས་མགུ་བྱེད་མི་བཟད་སྟོབས་ལྡན་མ་ལུས་གཙུག་གིས་ཞབས་ཀྱི་རྡུལ་ལ་རྟག་མཆོད་པ། །བཅོམ་ལྡན་དུས་དགྲ་ཁྲོ་དང་རྒྱལ་པོའི་རོར་ལྡན་འཇིགས་པའི་བཞད་སྒྲ་དང་བཅས་གང་དག་གིས། །རྟེན་འབྱུང་ལམ་མཆོག་རྣམ་གྲོལ་དྲི་མེད་རྨད་བྱུང་སེང་གེའི་སྒྲ་དབྱངས་རྒྱུན་དུ་སྒྲོགས་པ་དེ། །རྩོད་པའི་ཆུ་ཀླུང་ལྟ་བའི་ཚལ་ལྡན་སྲིད་ཞིའི་བསྟི་གནས་མྱུར་འཇུག་དེ་དག་བཟློག་ཕྱིར་བརྩོན། །སྟོན་པ་མཚུངས་མེད་སྐྱེ་དགུའི་རྩ་ལག་ཉིན་མོར་བྱེད་པ་ཁྱོད་ཀྱི་གཞུང༌། །བྱེད་པ་དཔག་ཡས་གསུང་རབ་དྲི་མེད་འོད་ཟེར་སྟོང་གི་གཟི་བརྗིད་ཅན། །ཕས་རྒོལ་ལྟ་ངན་ཐིབས་པོའི་དྲ་བ་ལས་རྒྱལ་རྣམ་དག་བསླབ་གསུམ་གྱི། །ཤུགས་ལྡན་ཤིང་རྟས་ཤེས་བྱའི་མཁའ་ལ་ཀུན་དུ་སྤྱོད་དེ་རྟག་པར་རྒྱལ། །ཁྲོན་པས་ཆེར་མགུ་རུས་པའི་གོས་ཅན་མེ་ཁྱེར་ཡུངས་འབྲུའི་མཁའ་དང་ཕྲ་རྡུལ་གྱིས། །ཉེ་འཁོར་མདོངས་དང་རྒྱ་ཁྱོན་ལྷུན་སྟུག་ཚད་ལས་ཆུ་གཏེར་པདྨོའི་གཉེན་དང་མཁའ། །ལྷུན་པོ་རྗེས་དཔོག་དེ་བཞིན་ཁྱེད་ཀྱྀ་མཁྱེན་པ་ཟབ་ཡངས་མཚོ་ཆེན་པ། །བདག་བློའི་སྙིམ་པ་གཏིང་མཐའི་རྗེས་འགྲོ་དོན་གཉེར་བརྩོན་པ་འདི་ལས་སྨད་ཅི་མཆིས། །འདི་ན་སྤྱོད་པ་དང་ལྡན་པ་དག་མ་ལུས་པའི་ཡོན་ཏན་རིན་པོ་ཆེའི་གཏེར་འཛིན་པ་དེའི་དྲི་མ་མེད་པའི་མཁྱེན་རབ་དང༌། རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་མོད་ཁྱེད་ཀྱིས་