[A:༡༠༩]བསྒྲགས་པར་ཅིའི་ཕྱིར་ནུས་ཏེ་དེ་ནི་ཁྱེད་ལྟ་བུའི་སྤྱོད་ཡུལ་མ་ཡིན་ནོ་ཞེས་དོགས་ན། བདེན་ཏེ་འདིའི་མཁྱེན་རབ་ལ་སོགས་པ་རྒྱས་པར་བརྗོད་པའི་སྤོབས་པ་དཔག་པར་དཀའ་བའི་བློ་གྲོས་དང་ལྡན་པ་གཞན་ལ་ཡང་ཡོད་པར་མི་སེམས་མོད། བདག་ལྟ་བུ་ལ་སྨོས་ཅི་དགོས། འོན་ཀྱང་མཚུངས་པ་མེད་པའི་ཆོས་ཀྱི་རྒྱལ་པོ་འདི་བཤེས་གཉེན་དམ་པ་ཇི་སྙེད་ཅིག་བསྟན་པ་དེ་དག་ཕལ་ཆེ་བའི་ཞབས་དྲུང་དུ་བཀའ་འབངས་ཀྱི་ཐ་མར་གྱུར་པ་ཁོ་བོ་ཡང་མཆིས་ཏེ། སྡོམ་བརྩོན་དམ་པ་མཁས་པ་རྣམས་ཀྱི་གཙུག་རྒྱན་དུ་གྱུར་པ་བསོད་སྙོམས་པ་ཆེན་པོ་སྲས་དང་བཅས་པ་དེ་དག་དང༌། བྱང་ཆུབ་སེམས་དཔའ་ཀུན་ནས་བརྩེ་བའི་འོད་ཀྱི་ཞབས་ལ་སོགས་པ་གང་ཞིག་བསྙེན་ཅིང་མཆོད་དེ་བཀུར་ལ་གུས་པས་བརྟེན་པ་དེ་ཐམས་ཅད་ཀྱི་རྗེས་སུ་འབྲངས་ཤིང༌། འགའ་ཞིག་གི་ལུང་ཙམ་བདག་གིས་ཀྱང་ཁུམས་པ་དང༌། གང་གི་ཚེ་མཚན་ཙམ་ཁོ་བོས་མངོན་དུ་གྱུར་པ་དེ་དག་གིས་གསན་པའི་རྣམ་གྲངས་ཐམས་ཅད་གཏུགས་ཤིང་ཡི་གེར་བཀོད་ཅིང་འདྲིས་པར་བྱས་པ་ཡིན་ཏེ། དེ་ཙམ་ལ་ཡང་གཅེས་པར་འཛིན་པ་དང༌། འདུན་ཅིང་མོས་ལ་སྤྲོ་བ་ཁྱད་པར་ཅན་ཡོད་པ་དང༌། ཡང་བདག་ཅག་གིས་མངོན་དུ་གྱུར་པའི་གཞུང་ལ་སོགས་པ་འགའ་ཞིག་ཆོས་ཀྱི་སྤྱན་དུ་གྱུར་པ་ཉིད་ལ་གཏུགས་ཤིང་ངེས་པར་བྱས་པ་ཡིན་པས་ན་མདོ་ཙམ་འདི་བྲི་བར་ནུས་ཀྱི། གཞན་དུ་ན་དེའི་མཁྱེན་རབ་ལ་སོགས་པའི་རྣམ་པར་ཐར་པ་རྒྱ་ཆེན་པོ་སུ་ཞིག་གིས་བརྗོད་སྤོབས་ཏེ་ཅིའི་ཕྱིར་ཞེ་ན། སྔོན་གྱི་བསོད་ནམས་དཔག་ཏུ་མེད་པའི་རྒྱུ་ལས་གྲུབ་པ་དང༌། བཤེས་གཉེན་དམ་པ་དུ་མ་ཡུན་རིང་དུ་བསྟེན་པ་དང༌། བཅོམ་ལྡན་འདས་འཇམ་པའི་དབྱངས་ཀྱིས་ངེས་པར་དགོངས་པའི་ཕྱིར་ཏེ། སྐྱེ་བ་གཞན་དུ་སྦྱངས་པ་དང༌། །མཁས་པ་དུ་མ་བསྟེན་པ་དང༌། །རྣམ་པར་དཔྱོད་པའི་བློ་གྲོས་ཀྱིས། །ཤེས་བྱ་ཀུན་ལ་འཇིགས་མེད་ཐོབ། །ཅེས་ཆོས་ཀྱི་རྗེ་ཉིད་ཀྱིས་གསུངས་པའི་