[A:༧༨]ཏོ། །དེའི་གཅུང་པོར་གྱུར་པ་ནི་རྡོ་རྗེ་རིན་ཆེན་ཞེས་བྱ་བ་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་མཛོད་འཛིན་ཅིང་གདུལ་བྱའི་རེ་བ་མ་ལུས་པ་སྐོང་བ་ཞིག་གོ །དེའི་སྲས་ཤེས་རབ་ཡོན་ཏན་ཞེས་བྱ། དེའི་སྲས་ཡོན་ཏན་འབྱུང་གནས། དེའི་སྲས་བཤེས་གཉེན་དམ་པ་ཚུལ་ཁྲིམས་རྒྱལ་པོ་ཞེས་བྱ། དེའི་སྲས་གཞན་ལ་ཕན་པར་བརྩོན་པ་ཅན་གྱི་མཐའ་ཅན་ནོ། །དེའི་སྲས་ནི་སྒྲུབ་བརྩོན་དམ་པ་བལ་པོ་ཞེས་བྱ། དེའི་སྲས་ཤཱཀྱ་བློ་གྲོས་ཞེས་བྱ་སྟེ་དེ་རྣམས་ཀྱང་ཕ་རོལ་ཏུ་ཕྱིན་པ་དང༌། རྡོ་རྗེ་ཐེག་པའི་གཞུང་ལུགས་ལ་ལེགས་པར་སྦྱངས་ཤིང་མན་ངག་རིན་པོ་ཆེ་དུ་མས་ཀུན་ནས་མཛེས་པར་བྱས་པ་འབའ་ཞིག་གོ་ཞེས་གསལ་བར་ཐོས་སོ། །ཤཱཀྱ་བློ་གྲོས་དེ་ལ་སྲས་གཉིས་བྱོན་པ་ལས། གཅེན་པོ་ཤེས་རབ་ཚུལ་ཁྲིམས་ཞེས་བྱ་བ་ནི་སྔར་གྱི་གཞུང་དང་གདམས་པ་དེ་དག་གིས་ཐུགས་ཡོངས་སུ་གཏམས་ཤིང་རྫུ་འཕྲུལ་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཚངས་པར་སྤྱོད་པས་མཛེས་པར་བྱས་པ་ཞིག་གོ་ཞེས་གསུང་ངོ༌། །དེའི་གཅུང་པོ་དགེ་བའི་བཤེས་གཉེན་འཁོན་དཀོན་མཆོག་རྒྱལ་པོ་ཞེས་བྱ་བ་ནི། སྔར་གྱི་གཞུང་ལུགས་མན་ངག་དང་བཅས་པ་ཅི་རིགས་པ་ནོས་ཏེ། གསང་སྔགས་ཕྱི་འགྱུར་ལ་ཐུགས་སྤྲོ་བར་གྱུར་ཏེ། རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པར་གྱུར་པ་བླ་མ་ཆེན་པོ་འབྲོག་མི་ཤཱཀྱ་ཡེ་ཤེས་དང༌། སྒྱུར་བྱེད་དམ་པ་འགོས་ཁུག་པ་ལྷས་བཙས་ཞེས་བྱ་བ་དང༌། ལུང་དང་རིགས་པའི་མཛོད་འཛིན་པ་ཁ་ཆེ་པཎ་ཆེན་ཞེས་བྱ་བ་དང༌། ཨུཌྱན་གྱི་པཎྜི་ཏ་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་ཤེས་རབ་གསང་བ་ཞེས་བྱ་བ་དང༌། དགེ་བའི་བཤེས་གཉེན་མཆིམས་ལོ་ཙཱ་ལ་སོགས་པའི་དྲུང་དུ་བསྙེན་ཏེ་གསང་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་གཞུང་ལུགས་དེ་རྣམས་ལ། ཇི་སྙེད་མངའ་བ་མ་ལུས་པ་ཐམས་ཅད་ཐུགས་སུ་ཆུད་པར་མཛད་དོ། །དེའི་སྲས་བྱང་ཆུབ་སེམས་དཔའ་ཆེན་པོ་སྙིང་པོའི་ཞབས་ཅན་ཡིན་ཏེ། །འདི་ནི་འགྲོ་བ་ཐམས་ཅད་ཀྱི་ཡིད་དུ་འོང་ཞིང་