[A:༧༩]ཤིན་ཏུ་མཛེས་ལ་དུས་མཉམ་པའི་འགྲོ་བ་ཐམས་ཅད་ཀྱིས་འགྲན་པར་བྱ་བ་མ་ཡིན་པ་ཉིད་དང༌། གཞན་ཡང་ཐོག་མ་ཉིད་ནས་ཞི་ཞིང་དུལ་ལ་བློ་གྲོས་དང་ལྡན་ཞིང༌། ཡིད་གཞུངས་པ་དང༌། སྙིང་རྗེ་ཆེན་པོ་དང༌། འཛུམ་པའི་བཞིན་དང༌། གསལ་བར་བརྡ་ཕྲད་པར་སྨྲ་ཞིང་ང་ལོ་བདེ་ལ་བརྩོན་འགྲུས་དང་བརྟུན་པ་དང༌། སྤོབས་པ་ཕུན་སུམ་ཚོགས་པ་དང་ལྡན་ཞིང༌། བླ་མ་དང་རྒན་པ་རྣམས་ལ་གུས་ལ་གཞོན་པ་དང་སྡུག་བསྔལ་བ་རྣམས་ལ་བྱམས་པའི་རང་བཞིན་ཅན་ཡིན་པ་དང༌། གཞན་ཡང་རྒྱལ་པོ་དང༌། བློན་པོའི་ལུགས་ཀྱི་བསྟན་བཅོས་ལ་སོགས་པ་དང༌། ཡན་ལག་བརྒྱད་པ་ལ་སོགས་པ་གསོ་དཔྱད་ཀྱི་གཞུང་ལུགས་མཐའ་དག་གིས་ཀྱང་གཞན་ལ་ཕན་ཉེ་བར་འདོགས་པའི་རང་བཞིན་ཅན་ཡིན་ཏེ། འདི་ནི་ངེས་པར་བྱང་ཆུབ་སེམས་དཔའ་ལག་ན་པདྨོའི་སྤྲུལ་པའོ་ཞེས་རྒྱུ་མཚན་དང་བཅས་ཏེ་གསལ་བར་ཐོས་སོ། །བྱང་ཆུབ་སེམས་དཔའ་འདིས་རྡོ་རྗེ་ཐེག་པའི་གཞུང་ལུགས་ལ་རྒྱུད་སྡེ་བཞིར་གྲགས་པ་མཐའ་དག་ཐུགས་སུ་ཆུད་པར་མཛད་དོ། །རྒྱུད་སྡེ་རིན་པོ་ཆེ་རེ་རེའི་འགྲེལ་པ་ལ་སོགས་པ་དང་ཆ་ལག་དུ་མས་བརྒྱན་པ་མངའ་བ་ནི་བརྗོད་པར་མི་ནུས་མོད། ཕྱོགས་གཅིག་དཔེར་བརྗོད་ན། །རྣལ་འབྱོར་གྱི་རྒྱུད་ལ་དེ་ཉིད་བསྡུས་པའི་རྒྱུད་ཀྱི་འགྲེལ་པ་དེ་ཉིད་སྣང་བ་གཞུང་སྟོང་ཕྲག་བཅུ་གཉིས་པ་དང༌། དཔལ་མཆོག་དང་པོ་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་དང༌། ཀོ་ས་ལའི་རྒྱན་སྟོང་ཕྲག་བཅུ་བཞི་པ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་དང༌། གཞན་ཡང་ཕ་རོལ་ཏུ་ཕྱིན་པའི་གཞུང་ལུགས་ལ་མདོ་སྡེ་དཀོན་མཆོག་བརྩེགས་པ་དང༌། འཕགས་པ་སངས་རྒྱས་ཕལ་པོ་ཆེའི་གཞུང་རབ་ཏུ་དབྱེ་བ་དང༌། བཅོམ་ལྡན་འདས་བྱམས་པའི་ཆོས་ལྔ་འགྲེལ་པ་དང་བཅས་པ་རྣམས་དང༌། བརྒྱད་སྟོང་པ་དང༌། ཉི་ཁྲི་སྣང་བ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་ཏེ་དེ་ཐམས་ཅད་འགྲེལ་པ་དང་བཅས་པ་དང༌། རཏྣ་ཨ་ཀ་ར་ཤཱནྟི་པའི་ཕ་རོལ་ཏུ་ཕྱིན་པའི་གཞུང་