R16: དཔལ་ལྡན་ས་སྐྱ་པཎྜི་ཏའི་རྣམ་ཐར་ཀུན་མཁྱེན་རིན་ཆེན་དཔལ་གྱིས་མཛད་པ།

  • Pagination (Witness A): ༨༡
[A:༨༡]འབད་པ་མ་མཛད་པར་ཐུགས་ལ་གསལ་བར་བྱོན་པ་ལ་སོགས་པ་ཕུལ་དུ་བྱུང་བའི་རྟོགས་པ་བརྗོད་པ་བསམ་གྱིས་མི་ཁྱབ་པ་ཞིག་མངའ་བ་ཡིན་ཏེ། ཆོས་ཀྱི་རྗེ་འདིའི་རྣམ་པར་ཐར་པ་ལ་སོགས་པ་ཕལ་མོ་ཆེ་གསལ་བར་བཀོད་པའི་ཡི་གེ་ཁོ་བོའི་མཁན་པོ་བཅོམ་ལྡན་འདས་འཇམ་པའི་དབྱངས་མི་རྣམས་ཀྱི་བླ་མར་བསྟེན་པ་དེས་མཛད་ཟིན་པས་དེ་ཉིད་དུ་གུས་པས་བླང་བར་བྱའོ། །དེ་ལྟ་བུ་དེའི་ཆོས་ཀྱི་རྒྱལ་མཚན་ཆེན་པོར་མངོན་པར་དབང་བསྐུར་བ་ནི། བུ་རམ་ཤིང་པའི་གདུང་རྒྱུད་ལྟར་ལྷམ་མེ་ལྷན་ནེ། ལྷང་ངེ་བར་གྱུར་པ་གང་ཡིན་པ་འདི་ནི། བདག་ཅག་གི་སྟོན་པ་ཡོན་ཏན་རིན་པོ་ཆེ་མ་ལུས་པའི་མཛོད་དང༌། སྐུ་བྱད་ལྟ་བས་ཆོག་མི་ཤེས་པའི་དཔག་བསམ། བླང་དོར་གྱི་བྱེ་བྲག་ཀུན་ནས་འབྱེད་པའི་ཡེ་ཤེས་ཀྱི་ཉི་མ། ཕས་ཀྱི་རྒོལ་བ་གླང་པོ་ཆེའི་སྤྱི་གཙུག་གནོན་པའི་སེང་གེ །སློབ་མའི་སྐྱེ་བོ་དགོས་འདོད་རིན་པོ་ཆེའི་གླིང་དུ་ཕྱིན་པར་བྱེད་པའི་དེད་དཔོན་དམ་པར་གྱུར་པ་སྟེ། འདིའི་རང་བཞིན་དང་རྣམ་པར་ཐར་པ་དྲི་མ་མེད་པ་རྒྱ་མཚོ་ལྟ་བུ་ལས་དེའི་ཆ་ཤས་ཙམ་ཞིག་བསྡུས་ཏེ་གསལ་བར་བརྗོད་པར་བྱ་ཡི་ཉོན་ཅིག་དང་ཐོས་པ་ཉིད་ནས་དོན་དུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་ན་རིགས་ཐམས་ཅད་ཀྱི་བླ་མར་གྱུར་པ་ཤཱཀྱ་རྣམས་ཀྱི་སྐྱེས་པའི་རབས་བཟུང་ཞིང་ཀུན་ཆུབ་པར་བྱས་ནས་གཞན་ལ་རྒྱ་ཆེར་བསྙད་ན་ཆོས་དང་མཐུན་ཞིང་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་འབྱུང་ལ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འཕེལ་བར་བྱེད་དོ་ཞེས་བདེ་བར་གཤེགས་པ་ཉིད་ཀྱིས་དྲི་མ་མེད་པའི་མདོ་སྡེ་དག་ལས་མངོན་སུམ་དུ་གསུངས་པས་ན་དེ་བརྗོད་པར་བྱ་ཞེས། བདག་ཅག་གི་བླ་མ་དཔལ་བརྩེ་བ་ཆེན་པོ་དང་ལྡན་པ་ཡང་སྲིད་པ་སྔ་མའི་ཕྲིན་ལས་ལ་བརྟེན་ནས་སྒྲིབ་པ་མི་མངའ་བ་གང་ཡིན་པ་དེས་གསུངས་པ་གསལ་བར་ཐོས་པའི་ཕྱིར་དང༌། རིན་པོ་ཆེའི་ཕུང་པོ་མདོ་ལས་ཀྱང༌། འོད་སྲུངས་འདི་ལྟ་སྟེ་དཔེར་ན། རྒྱ་མཚོའི་ནང་དུ་གྲུ་ཞིག་ན། གང་དག་ཤིང་ལེབ་བམ་