R16: དཔལ་ལྡན་ས་སྐྱ་པཎྜི་ཏའི་རྣམ་ཐར་ཀུན་མཁྱེན་རིན་ཆེན་དཔལ་གྱིས་མཛད་པ།

  • Pagination (Witness A): ༨༢
[A:༨༢]གཞན་ཅི་ཡང་རུང་བ་ཞིག་ལ་བརྟེན་པ་དེ་དག་ནི་བདེ་བར་འགྲམ་དུ་ཕྱིན་པར་འགྱུར་རོ། །འོད་སྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཐེག་པ་ཐམས་ཅད་མཁྱེན་པའི་གྲུ་ཞིག་སྟེ། བྱང་ཆུབ་ཀྱི་སེམས་ལས་རབ་ཏུ་ཉམས་ན། གང་དགེ་བའི་བཤེས་གཉེན་གྱི་ཤིང་ལེབ་ལ་བརྟེན་པ་དེ་དག་ནི་ཡང་ཐམས་ཅད་མཁྱེན་པའི་སེམས་རབ་ཏུ་ཐོབ་སྟེ་ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་སོང་ནས་ཆོས་ཀྱི་དབྱིངས་ཀྱི་གླིང་དུ་ཕྱིན་ཏོ་ཞེས་དང༌། སྡོང་པོ་བཀོད་པའི་མདོ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཐོབ་པ་ནི་དགེ་བའི་བཤེས་གཉེན་ལ་རག་ལས་པའོ། །བྱང་ཆུབ་སེམས་དཔའ་ཡོན་ཏན་ཡོངས་སུ་རྫོགས་པར་བྱ་བ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་ལས་བྱུང་བའོ། །བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱིས་སྐྱེད་པའོ་ཞེས་བྱ་བ་ལ་སོགས་པ་དང༌། ཡང་མདོར་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་རབ་ཏུ་ཐོབ་ཅིང་ཡོངས་སུ་འགྲུབ་པ་ནི་དགེ་བའི་བཤེས་གཉེན་ཁོ་ན་ལས་འབྱུང་ངོ་ཞེས་གསུངས་ཤིང༌། གཞན་ཡང་དྲི་མ་མེད་པའི་མདོ་སྡེ་དང༌། རྒྱུད་སྡེ་རིན་པོ་ཆེ་རྣམས་དང༌། དངོས་གྲུབ་བརྙེས་པའི་སློབ་དཔོན་དག་གིས་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་མ་ལུས་པ་ལ་བསྙེན་བཀུར་བའི་བསོད་ནམས་བླ་མའི་བ་སྤུའི་རྩེ་མོ་གཅིག་ལ་གསལ་བར་མཐོང་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་ཐོས་ཤིང་མཐོང་ལ། ཅུང་ཟད་ངེས་པའི་ཕྱིར་ཏེ། འདི་ཉིད་ཀྱི་གསུང་རབ་ལས། བདག་ཉིད་ཆེན་པོ་ཡོན་ཏན་རྒྱ་མཚོ་ཡི། །རྣམ་ཐར་མེ་ཏོག་གུས་པས་སྤེལ་བ་ལ། །བསོད་ནམས་གྲུབ་པ་གང་ཡོད་དེ་ཡིས་བདག །སྲིད་གསུམ་བླ་མའི་གོ་འཕང་ཐོབ་པར་ཤོག །ཅེས་འབྱུང་བའི་ཕྱིར་རོ། །དེ་བས་ན་འདི་ནི། གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། རྒྱལ་པོ་ཆེན་པོ་ཁྱོད་དམ་པའི་ཆོས་ཁོ་ན་འཚོལ་བ་དང༌། རྒྱལ་པོ་ཆེན་པོ་ཁྱོད་ཇི་ལྟ་བུར། །ཡུལ་ཀོ་ས་ལའི་མི་རྣམས་ཀྱི་དོན་དང༌།