R16: དཔལ་ལྡན་ས་སྐྱ་པཎྜི་ཏའི་རྣམ་ཐར་ཀུན་མཁྱེན་རིན་ཆེན་དཔལ་གྱིས་མཛད་པ།

  • Pagination (Witness A): ༨༠
[A:༨༠]ལུགས་དང༌། རྒྱལ་སྲས་ཐོགས་མེད་ཀྱི་རྒྱས་པའི་བསྟན་བཅོས་བྱང་ཆུབ་སེམས་དཔའི་ས་དང༌། བསྡུས་པ་སྡོམ་རྣམ་པ་གཉིས་ཕྲ་མོ་དང་བཅས་པ་དང༌། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཐེག་པ་ཆེན་པོ་དབུ་མའི་གཞུང་ལ། རིགས་པ་གསལ་བར་སྟོན་པ་དབུ་མའི་རྩ་བ་ཤེས་རབ་ལ་སོགས་པ་རིགས་པའི་ཚོགས་དང༌། ལུང་གི་དོན་ངེས་པར་བྱེད་པ་བསྟོད་པའི་ཚོགས་དང་བཅས་པ་དང༌། དཔལ་ལྡན་ཆོས་ཀྱི་གྲགས་པའི་གཞུང་ཚད་མ་རྣམ་པར་ངེས་པ་དང༌། རིགས་པའི་ཐིགས་པ་དང༌། དེའི་འགྲེལ་པ་བམ་པོ་ལྔ་པ་དང༌། སློབ་དཔོན་ཆེན་པོ་བློ་གྲོས་མི་ཟད་པའི་གཞུང་རྣམ་པ་གསུམ་ལ་སོགས་པ་དང༌། དྲི་མ་མེད་པའི་བཀའ་དང༌། བསྟན་བཅོས་མཐའ་དག་ཐུགས་སུ་ཆུད་པར་མཛད་ནས་གཞན་རྗེས་སུ་འཛིན་པ་ལ་བརྩོན་པ་ཅན་ནོ། །དེའི་མཁྱེན་པ་དང༌། བརྩེ་བ་དང༌། གྲུབ་པའི་ཡོན་ཏན་དང༌། རྣམ་པར་ཐར་པ་རྒྱ་མཚོ་ལྟ་བུ་བདག་གི་བླ་མ་ཆོས་ཀྱི་རྒྱལ་པོ་དེས་ཕྱོགས་གཅིག་ཏུ་མཛད་པ་ཡོད་པས་དེར་རྟོགས་པར་བྱའོ། །དེ་ལྟ་བུའི་སྐུ་གསུང་ཐུགས་ཀྱི་སྲས་སུ་སྐུ་བལྟམས་པ་ངེད་ཀྱི་བླ་མ་དཔལ་བརྩེ་བ་ཆེན་པོ་དང་ལྡན་པ་ཚངས་པར་སྤྱོད་པ་དྲི་མ་མེད་པའི་རྒྱན་གྱིས་སྤྲས་པ་རྒྱལ་མཚན་གྱི་ཞབས་ཅན་ཡིན་ཏེ། སྲིད་པ་གསུམ་གྱི་རྣམ་པར་འདྲེན་པ་བླ་ན་མེད་པ་འདི་ནི་དགེ་བའི་བཤེས་གཉེན་བྱོན་ཟིན་པ་དེ་དག་གི་མཁྱེན་པ་ལ་སོགས་པ་ཇི་སྙེད་མངའ་བ་བསྔགས་པར་འོས་པ་ཉིད་ཀྱིས་མངོན་དུ་མཛད་པ་ཉིད་ཡོངས་སུ་དག་པའི་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་བཟུང་ཞིང་རྟོགས་ཏེ་ཀུན་ཆུབ་པར་མཛད་ནས། སྤྲུལ་པ་མཆོག་གི་རྣམ་པ་འགའ་ཞིག་དང༌། བཅོམ་ལྡན་འདས་འཇམ་པའི་དབྱངས་དང༌། རྗེ་བཙུན་ཁྲོ་བོའི་རྒྱལ་པོ་མི་གཡོ་བ་ལ་སོགས་པ་རྒྱལ་བ་སྲས་དང་བཅས་པ་དུ་མ་དང༌། རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་རྨད་དུ་བྱུང་བའི་སྤྱོད་ཡུལ་ལ་མངའ་འབྱོར་པ་འགའ་ཞིག་ལས་དངོས་སུ་གདམས་པ་ནོས་ཤིང་དེ་དག་གི་གཞུང་ལུགས་ཤིན་ཏུ་ཟབ་པ་དང༌། རྒྱ་ཆེ་བ་འགའ་ཞིག་