[A:༨༣] ཕན་པ་དང་བདེ་བའི་ཕྱིར་ཞུགས་པ་དེ་བཞིན་དུ་འཇིག་རྟེན་ཐམས་ཅད་ཀྱི་དོན་དང༌། ཕན་པ་དང༌། བདེ་བ་དང༌། གྲོལ་བ་དང༌། དབུགས་དབྱུང་བ་དང༌། ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་ཞུགས་ཤིང་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་དང༌། འཇིག་རྟེན་གྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པ་རྒྱལ་པོ་ཆེན་པོ་ལེགས་སོ་ཞེས་གསུངས་པ་ལྟ་བུའོ། །དེ་ནི་འདིར་ཡོངས་སུ་གསལ་བར་གསུངས་པ་བསྙད་པར་བྱ་བ་ནི་འདི་ཡིན་ཏེ། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་དེ་བཞིན་ཉིད་རྣམ་པར་དག་པ། རྩོད་པའི་དུས་ཀྱི་སྐལ་བ་དང་མཐུན་པ་རྣམས་ལ་བཅོམ་ལྡན་འདས་འཇམ་པའི་དབྱངས་ཞེས་བསྟན་པ་དེས་ངེས་པར་དགོངས་ཤིང་རྗེས་སུ་གདམས་ལ། སྒྲུབ་བྱེད་ཁྱད་པར་དུ་མས་དེ་དང་གཉིས་སུ་མེད་པ་ཡིན་ཏེ། བཅོམ་ལྡན་འདས་བྱམས་པས་རིག་པའི་གནས་ལྔ་དང༌། དེའི་བྱེད་ལས་གསུངས་པ་དེ་ངེས་པར་བདག་ཉིད་ཆེན་པོ་འདི་ལ་མངའ་བ་ཡིན་ཏེ། དེ་ཡང་ཤེས་བྱ་སྒྲའི་གནས་ལ། སྒྲ་དང༌། བྱིངས་དང༌། རྣམ་པར་དབྱེ་བ་དང༌། བྱེད་པའི་ཚིག་དང༌། ཁྱད་པར་གྱི་ཆོས་ལ་སོགས་པའི་སྒོ་ནས་མིང་གི་ངེས་བརྗོད་གཙོ་བོར་སྟོན་པ་འཆི་མེད་མཛོད་དང༌། ཀཱ་ལ་པ་དང༌། དྲང་སྲོང་ཆེན་པོ་པཱ་ཎི་མཆོག་འགྲོའི་གཞུང་ལ་སོགས་པ་ལེགས་པར་སྦྱར་བའི་སྐད་ལ་དབང་འབྱོར་པས། བརྟུལ་ཞུགས་གྲུབ་པ་ཆེན་པོ་རྒྱས་པ་དང༌། གནས་འཇོག་དང༌། གྲོག་མཁར་བ་དང༌། སྒྲ་སྦྱོར་བ་ཕལ་ཆེན་པོ་ནོར་རྒྱས་ཀྱིས་ཀྱང་དཔེར་བྱ་བ་མ་ཡིན་ནོ། །ཡང་མངོན་སུམ་དང་རྗེས་སུ་དཔག་པའི་སྤྱན་རས་ཤིན་ཏུ་གསལ་བས་རྟོག་གེ་ངན་པའི་རབ་རིབ་ཐམས་ཅད་སེལ་བར་མཛད་པས་ན། མདོ་མཛད་པ་པོ་དཔལ་ལྡན་ཕྱོགས་ཀྱི་གླང་པོ་དང༌། དེའི་གསུང་རབ་རྣམ་པར་འགྲེལ་པ་རྟོག་གེ་པ་རྣམས་ཀྱི་གཙུག་རྒྱན་དེ་དང་གཉིས་སུ་མེད་པར་གྲུབ་ཅིང༌། གཞལ་བྱའི་གནས་རྣམ་པ་གསུམ་ལ་ཚད་མ་གསུམ་གྱིས་གྲུབ་པའི་ལམ་