R16: དཔལ་ལྡན་ས་སྐྱ་པཎྜི་ཏའི་རྣམ་ཐར་ཀུན་མཁྱེན་རིན་ཆེན་དཔལ་གྱིས་མཛད་པ།

  • Pagination (Witness A): ༨༤
[A:༨༤]སྟོན་པས་ཕྱི་ནང་གི་གཞུང་རྣམ་པར་འབྱེད་པ་ལ། རང་དང་གཞན་གྱི་སྡེ་པ་ཐམས་ཅད་ཀྱི་སྤྱན་དུ་གྱུར་པ། ཁྱད་པར་རིག་པ་འཛིན་པའི་གཞུང་ལུགས་རྟེན་ཅིང་འབྲེལ་པར་འབྱུང་བ་རིན་པོ་ཆེའི་འབྱུང་ཁུངས། སྐྱེ་བ་འདི་ཉིད་ལ་རྡོ་རྗེ་འཆང་ཆེན་པོའི་གནས་ཐོབ་པར་བྱེད་པའི་བགྲོད་པ་གཅིག་པའི་ལམ་ཐུན་མོང་མ་ཡིན་པའི་གཏེར་འཛིན་པ། རྣལ་འབྱོར་གྱི་དབང་ཕྱུག་མིང་གཞན་དཔལ་ལྡན་ཆོས་སྐྱོང་ཞེས་གྲགས་པ་དང༌། འཕགས་པ་ཀླུ་སྒྲུབ་ལ་སོགས་པ་བསྟན་བཅོས་མཛད་པ་པོ་བྱོན་ཟིན་པ་རྣམས་རྨད་དུ་བྱུང་བའི་སྤྱོད་ཡུལ་དང་ལྡན་པར་གྲགས་པ་དེ་རྣམས་ཀྱི་གསུང་རབ་དང་དགོངས་པ་ལ་མངའ་འབྱོར་པ་མངོན་དུ་མཛད་པ་ཉིད་དང༌། གསོ་བའི་གནས་ལ་ཟིན་པའི་འབྱུང་བ་ཆེན་པོའི་འཕེལ་བ་དང་འགྲིབ་པའི་ཆས་ཀུན་ནས་བསྐྱེད་པའི་ལུས་དང་སེམས་ཀྱི་ནད་མཐའ་དག་གསོ་བར་མཛད་པའི་གཞུང་ལུགས་ཕྱི་ནང་གི་རྒྱུད་སྡེ་ཆེན་པོ་གཉིས་དང༌། དཔལ་ལྡན་ཕ་གོལ་གྱི་གཞུང་རིམ་པར་ཕྱེ་བ་བརྒྱ་ཉི་ཤུ་རྩ་བརྒྱད་དུ་བསྡུས་ཏེ་བསྟན་པ་ལ་སོགས་པ་ཐུན་མོང་བ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ལག་ཏུ་བླང་བའི་རིམ་པ་མདོ་ལྔ་དང་དཔྱད་གཞུང་བཅུ་ལ་སོགས་པ་ཉིད་ཀྱིས་མངོན་དུ་མཛད་པ་ནི། དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུ་ལ་སོགས་པ་ལས་ཆེས་ལྷག་པ་ཉིད་དང༌། གཞན་ཡང་སྡེབ་སྦྱོར་གྱི་གཞུང་ལུགས་ཆེན་པོ་གསུམ་དང༌། དབྱངས་ཅན་གྱི་མགུལ་རྒྱན་སྟོང་ཕྲག་བཅུ་གཉིས་པ་ལ་སོགས་པ་མ་ལུས་པ་མངོན་དུ་མཛད་པ་དང༌། དེ་ལས་གཞན་རྒྱུ་སྐར་ཀྱི་རྩིས་དང༌། རྒྱ་མཚོའི་དཔྱད་དང༌། རི་མོའི་གནས་དང༌། རོལ་མོའི་རིག་བྱེད་དང༌། ཟློས་གར་གྱི་སྒོ་ནས་དུས་མཚུངས་པའི་བློ་གསལ་བ་རྣམས་ཀྱི་ཡིད་ཀུན་ནས་འཕྲོག་པའི་དོན་གྱི་རྒྱ་མཚོའི་ལྷ་མོ་དབྱངས་ཅན་ལྟར་གྱུར་པ་འདི་ནི་ཁོ་བོའི་སྟོན་པ་ཡིན་ཏེ། མདོ་སྡེ་དྲིན་ལན་བསབ་པ་ལས། དེ་བས་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་རིག་པའི་དངོས་པོ་ལྔ་བསླབ་པར་བྱའོ་ཞེས་གང་གསུངས་པ་འདི་ཉིད་ཀྱིས་མངོན་པར་བསྒྲུབས་པ་ཡིན་ནོ། །ཆགས་སྡང་