R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༥༣བ
[A:༥༣བ] འབྲེལ་བ་ལ་ཁྱད་པར་མེད་དོ། དེ་ནས་སྤོ་ཏོ་བ་གཤེགས་པའི་གདུང་ཆ་ལྔར་བགོས་ཏེ། ཆ་གཅིག་དང། ཐུགས་བཞུགས་པའི་དངུལ་གྱི་མཆོད་རྟེན་ཁྲུ་བཞི་པ་གཅིག་བྱས་པ་ཕུ་ཆུང་བས་གསན་པས། དངུལ་ལས་བྱས་ན་ངའི་གྲོགས་པོའི་གདུང་མ་འོངས་པ་ན་མི་ངན་གྱིས་གྲོགས་མོར་སྤུང་ངེ་འོང་དོགས་འདུག་སྟེ། ད་བྱས་རྟིང་རབ་གནས་ང་ལ་བབ་པས། དབྱར་རྒྱལ་གྱི་དོ་བོ་དགོན་པར་འགྲོ་བའི་ཞོར་ལ་བྱ་གསུང་ནས། ཚུལ་ཁར་རབ་གནས་མཛད། ཚུལ་ཞུགས་དོ་བོ་དགོན་པར་བཞུགས་ནས། ཁྱི་ལོའི་སྟོན་ཡུང་བའི་ཕུ་ཆུང་དུ་བྱོན། བདུན་བཅུ་རྩ་དྲུག་བཞེས་པ་རྒྱལ་ཟླའི་ཉི་ཤུ་གསུམ་ལ་ཐེགས། ལ་ལར་དོ་བོ་དགོན་པར་སྐུ་གཤེགས་ཟེར་བའང་འདུག་གོ། བཤེས་གཉེན་སྤོ་ཏོ་བ་ནི། འཁྲུངས་ཡུལ་སྤྲས་བྲ་བོ་ཐང། གདུང་རུས་གཉོས། ཡབ་སྐུ་གཤེན་སྲིད་ལ་དབང་ཕྱུག། ཡུམ་ལེ་མོ་བྱ་བའི་སྲས་སུ་མེ་མོ་ཡོས་ལ་འཁྲུངས། བྱིས་པའི་དུས་སུ་ཡབ་ཀྱི་མཆོད་གནས་སྦ་སྒོམ་བྱ་བ་ལ་སྒོམ་བསླབ་པར་ཞུས་པས། ཁོང་གི་ཞལ་ནས་ཐོས་པ་ཨེན་རེ་མ་བྱས་པའི་སྒོམ་མཆན་ཁུང་བས་ཕུ་ཐག་ཐུང་གསུང། བྱིས་པའི་དུས་ནས་བྱང་ཆུབ་ཀྱི་སེམས་སྐྱེས་ཐོབ་ཏུ་མངའ་བར་ཤར་བ་པའི་བསྟོད་པ་ལས་གསུངས། དེ་ནས་ཡེར་པར་རྡོག་བྱང་ཆུབ་འབྱུང་གནས་དང། གླན་ཚུལ་ཁྲིམས་བྱང་ཆུབ་ལ་མཁན་སློབ་ཞུས་ནས་རབ་ཏུ་བྱུང། མཚན་རིན་ཆེན་གསལ་དུ་བཏགས། ཇོ་བོ་ཆེན་པོ་དང་ཡང་དེ་དུས་ཡེར་པར་མཇལ། དགེ་བཤེས་སྟོན་པ་བྱང་དུ་འབུལ་བའི་གསེར་བསྒྲུབ་པ་ལ་བཞུད་འདུག་པས། ནག་ཚོས་ལོ་ཙཱ་མཛད། སྒོམ་རིམ་ཚར་གཅིག་གསན། དེ་ནས་ཁུ་སྟོན་གྱི་དྲུང་དུ་བྱོན་མཚན་ཉིད་ཀྱི་ཆོས་མང་དུ་གསན། ཡེར་པའི་ཞང་བཙུན་ལ་གནས་ཀྱི་སློབ་དཔོན་ཞུས། དེ་ནས་ར་སྒྲེང་དུ་བཤེས་གཉེན་