[A:༥༣ན] མང་དུ་གསན་ཏེ་ཐོས་པ་ཆེར་མཛད། སྙེ་ཐང་དུ་ཇོ་བོ་ལ་ཆོས་ཀྱི་འབྲེལ་པ་ཞུས་པས། བཏིག་པ་དང་འཁྲུངས་སུ་བྱུང་སྟེ། གང་ལ་
ལོ་བཅུ་གཅིག་ཡིན་ཟེར་
ཡང་ཞེན་ཆགས་མེད་པའི་བློ་སྐྱེས་གསུང། དེ་ནས་ར་སྒྲེང་དུ་བྱོན་པས། སྐུ་མཆེད་གཞན་གཉིས་ཀྱང་བྱོན་ཏེ། རྟེན་འབྲེལ་དང། ཕ་རོལ་དུ་ཕྱིན་པའི་གདམས་ངག།བསླབ་ཕྱོགས། སྤྱོད་ཕྱོགས་ཀྱི་སྐོར་རྣམས་ཞུས། ལོ་བདུན་བསྟེན། ཁོང་རང་ལ་ཆོས་ཞུ་མང་དུ་བྱུང་ཡང། ཤ་ཟུག་བཟང་པོ་རང་ཟ་བའི་དུས་ཡིན། གཞན་ལ་སྟེར་བའི་དུས་མིན་གསུང་ནས་སྒྲུབ་པ་གཙོ་བོར་མཛད་པས། བདག་ལས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་དང། ཆོས་ཐམས་ཅད་བདག་མེད་པར་རྟོགས་པའི་ཤེས་རབ་ཁྱད་པར་ཅན་འཁྲུངས། ཡི་དམ་མང་པོའི་ཞལ་གཟིགས། ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པའི་བཀའ་གཙོ་བོར་བབས། དེ་ནས་སྐུ་མཆེད་གསུམ་འབྲལ་མེད་དུ་སྒྲུབ་པ་གཙོ་བོར་མཛད་ཅིང་བཞུགས། ཕྱིས་ཡུང་བའི་ཕུ་ཆུང་དུ་བཞུགས་ནས་ཀྱང་སྒྲུབ་པ་གཙོ་བོར་མཛད་དེ། བྲག་གི་དཀྱིལ་ན་གསེར་བྲེ་ཡོད་པ་མངོན་བར་མཁྱེན་ནས་ཕྱག་མཁར་གྱིས་རེག་པས་རང་བྱེ་སྟེ། བཏོན་པའི་རྗེས་དང། གཟིམས་ཁང་གི་ནུབ་ན་བྲག་ལ་ཕྱག་འཛུབ་གཙུགས་པར་སྒྲུབ་ཆུ་དང། ཞབས་རྗེས་དང། དབུ་ཞྭའི་རྗེས་ཡིན་ཟེར་བ་ཡང་འདུག་གོ འདི་ལ་སློབ་མ་གྲགས་ཆེ་བ། ཤ་བོ་སྒང་པ་དང། འབན་ཚུལ་ཁྲིམས་རྒྱལ་བ་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་པར་གྲགས་པ་དང། ཞོགས་སུ་འཁྲུངས་པ་སྡིངས་པ་ཤེས་ཪབ་རྒྱ་མཚོ་དང། ཞོགས་ཕུའི་ཀརྨ་བྲག་པས་རྒྱུན་དུ་བཟང་སྤྱོད་ལ་ཞལ་འདོན་མཛད་པ་ལ། ཆུ་ལེན་དུས་བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ་ཞེས་པའི་སྐབས་སུ་མཁའ་སྤྱོད་དུ་གཤེགས་པ་སོགས་སྒྲུབ་པ་སྙིང་པོར་མཛད་པ་ཉི་ཤུ་ཙམ་བྱོན་ནོ། སྤྱིར་སྐུ་མཆེད་གསུམ་གྲ་གྲྭ་པ་ལ་རིས་སུ་ཆད་པ་མེད་པས། ཆོས་ཀྱིས་