[A:༥༤ན]སྟོན་པའི་དྲུང་དུ་དབྱར་དེ་གདམས་ངག་གཅིག་ཞུས་ནས། སྟོན་ཁམས་སུ་འབྱོན་དགོངས་པ་ལ། སྐུ་མཆེད་གསུམ་ལྷིག་ཏུ་ཐོག་མར་ལམ་རིམ་དང། སྤྱོད་འཇུག་གསན་པས། བདག་ནི་གྲོལ་བ་དོན་གཉེར་ལ། རྙེད་དང་བཀུར་སྟིས་འཆིང་མི་དགོས། ཤེས་ཞེས་པའི་སྐབས་ཀྱི་མན་ངག་གསུངས་པའི་ཐད་དུ་ཐུགས་སྣང་འགྱུར་ཏེ། ཚེ་འདིའི་རྣམ་རྟོག་སྐྱུར་ནས་བཤེས་གཉེན་བསྟེན་པ་ཡིན་གསུང། སྟོན་པ་ལོ་བདུན་བསྟེན་ཡོན་ཏན་ཐམས་ཅད་རྫོགས་པར་ཐོབ། ཐུགས་རབ་ཆེ་བས་ཤིན་དུ་མཉེས། སྟོན་པ་གཤེགས་ཁར་སྐུ་མཆེད་གསུམ་གྱི་ཐུགས་ལ་འཇིགས་སར་སྐྱེལ་མས་བོར་བ་འདྲ་བ་ཞིག་ཡོང་བར་འདུག་ན། ད་སུ་ལ་བརྟེན་སྙམ་སྟེ་སྤྱན་ཆབ་བྱུང་བས། མངོན་ཤེས་ཀྱིས་མཁྱེན་ནས། ངས་ཁྱེད་གསུམ་གྱི་བརྟེན་ས་སུ་ཡང་མ་མཐོང་བས། ད་ཕྱིན་གསུམ་ཡན། ལྔ་མན་དཔུང་གདང་འཆོས་ལ། དགེ་བའི་བཤེས་གཉེན་མདོ་སྡེ་ལ་གྱིས། སེམས་བཟང་པོར་གྱིས་དང། ཁྱད་པར་ཅན་གཅིག་དང་འཕྲད་དེ་འོང་ཅིག་གསུང། མདུན་ན་ཇོ་བོ་ལེགས་ཡོད་པས་སེམས་བཟང་པོ་བྱ་བ་བྱང་ཆུབ་ཀྱི་སེམས་ལ་ཟེར་བ་མ་ལགས་སམ་ཞུས་པས། ཡིན་མོད་གསུང་བས། དེ་སྔ་ནས་མ་གོ་རྒྱུ་མེད་པ་ལ། དེས་གསལ་བཏབ་པ་འདྲ་བ་ཞིག་བྱུང་ནས། དེའི་ཐབས་ལྐོག་ཏུ་མན་ངག་ཏུ་ཡང་གསུངས། ཚོགས་སུ་ལུང་དང་སྦྱར་ནས་ཀྱང་གསུངས། ཐ་ན་བཀའ་བཀྱོན་ཚུན་ཆོད་ཀྱིས་ཀྱང། དེའི་ཐབས་གསུངས་ནས་ཡོད་པས། ལོ་བཅུ་གཉིས་ཙམ་དུ་མྱ་ངན་སངས་པ་འདྲ་བ་ཅིག་བྱུང། ཕྱིས་སེམས་བཟང་པོ་བྱེད་པ་ལ། ཁོང་རང་དགོས་པར་སོང་བས་མྱ་ངན་ལ་སངས་དུས་མ་བྱུང་གསུང། ར་སྒྲེང་ནས་བྱོན་ཏེ་སྐུ་མཆེད་གསུམ་དང་པོ་ཀླུ་ཤོད་ན་མགོར་བཞུགས། དེ་ནས་གནས་ངེས་མེད་དུ་སྒྲུབ་པ་མཛད། ཐུགས་གཏིང་ཟབ་པས་