R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༥༧ན
[A:༥༧ན] ཆོས་གསན་ཞོར་ལ། ལོའི་གྲོག་མདོ་ཡན་རྡོ་ཀྱགས་ལེབ་རྒྱང་བདུན་ཙམ་དང། བཀྲ་ཤིས་མཆེད་ལྔའི་བླ་གཡེལ་དཔངས་སུམ་ཐོག་ཙམ་ལ་ཤར་ནུབ་ཏུ་འདོམ་ཉི་ཤུ་རྩ་དྲུག་ཡོད་པ་དང། ཤར་བ་པ་སློབ་མ་མང་པོ་དང་བཅས་ཏེ་ཆོས་གསན་ཅིང། མཁར་ལས་ཀྱི་གྲོགས་མཛད་པས། དགོན་པ་མྱུར་དུ་གྲུབ། དབུ་རྩེའི་རྒྱབ་ཏུ་སྒྲུབ་ཆུ་དང། བཀྲ་ཤིས་མཆེད་ལྔའི་རབ་གནས་ལ་ནཱ་ག་བ་དྷི་དངོས་སུ་སྤྱན་དྲངས་ཚུལ་སོགས་ཀྱང་འབྱུང། ལོར་ལོ་བརྒྱད་བཞུགས། དགེ་འདུན་སུམ་བརྒྱ་ཙམ་འདུས། ལོ་ནས་སྨྱུག་ཏུམ་དགོན་པར་བྱོན་པའི་ལམ་དུ་ཕ་བོང་དཀར་ལེབ་བྱ་བའི་སྟེང་ནས། བྱ་ཡུལ་གྱི་རྒྱབ་རི་གཟིགས་བས། རི་དེ་རྒྱལ་བའི་གཙུག་ཏོར་འདྲ། ཡན་ལག་བརྒྱད་ལྡན་ཆུ་བོ་འབབ། དེ་ཡི་ཤར་ལྷོའི་ཕྱོགས་མཚམས་ན། ཚེ་དང་ལྡན་པའི་དགོན་གནས་ཡོད། རི་བྱ་ཡུལ་ཡུ་པ་བ་ཕ་གི་ཐད་དུ་གཙུག་ལག་ཁང་བཞེངས་ལ། སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་གྱིས་ཤེས་ཞེས་ལུང་བསྟན། དེར་ཞབས་རྗེས་ཀྱང་བྱོན། དེ་ནས་སྨྱུག་ཏུམ་དུ་ལོ་གསུམ་བཞུགས། བླ་མ་དང་ཡི་དམ་མང་པོ་ཞལ་གཟིགས། ང་ནི་ཚོགས་ཡོངས་སུ་རྫོགས་པའི་གང་ཟག་ཞིག་ཡིན། ངའི་རྡོ་རྗེའི་གདན་འདི་ཡིན་གསུང་ངོ་། གཙང་པ་རིན་པོ་ཆེའི་ཞལ་ནས། བར་དོར་མཆོག་གི་དངོས་གྲུབ་བརྙེས་པའི་གསུང་ཡིན་གསུང། དགུང་ལོ་དོན་གཅིག་བཞེས་པ་ལུག་ལོའི་སྨིན་དྲུག་ཟླ་བའི་ཉེར་གཉིས་ལ་སྨྱུག་ཏམ་དུ་ཐེགས། འདི་ལ་སློབ་མའི་མཆོག་སྒོམ་ང། འགྲན་གྱི་དོ་མེད་གསུམ་ལ་སོགས་པ་བཀའ་གདམས་གདམས་ངག་པའི་སྲོལ་འཛིན་བྱོན་ཚུལ་འོག་ཏུ་འཆད་དོ། དེ་ཡང་སྐུ་མཆེད་གསུམ་རང་གི་གསུང་ལྟར་ན། གནས་བརྟན་ཆེན་པོ་བཅུ་དྲུག་གི་རྣམ་འཕྲུལ་དུ་བྱེད། རིགས་གསུམ་མགོན་པོའི་སྤྲུལ་པར་བྱེད་པ་ནི་ལམ་ཡིག་ལས། བལ་ཡུལ་གྱི་འཕགས་པ་ཤིང་ཀུན་ལ་