[A:༥༧བ] ནམ་གྱི་གུང་མི་མ་ཡིན་རྣམས་སྐོར་བ་བྱེད་པའི་ཁྲོད་དུ། རྡོ་རྗེ་ཕག་མོའི་གྲུབ་པ་ཐོབ་པ་གཅིག་གིས་སྐོར་བ་བྱས་པས། གླིང་བུའི་སྐད་འདྲ་བའི་གླུ་ལས། སྔོན་དང་སྔོན་གྱི་དུས་ཙ་ན། ཐུགས་དགོངས་བླ་ན་མེད་པ་དེ། ཇོ་བོ་ཨ་ཏི་ཤ་ལ་ཡོད། རྟོགས་པ་བླ་ན་མེད་པ་དེ། ཇོ་བོ་ཨ་ཏི་ཤ་ལ་ཡོད། ད་ལྟ་མ་རིག་མུན་པར་འཁྱམ། ཟེར་བ་དང། ཡང། ཨ་ཏི་ཤ་ཡི་གདུང་འཚོབ་པ། འཕགས་པ་སྐུ་མཆེད་གསུམ་པོ་ཡིན། གཅིག་ཙམ་ལྷོ་བལ་མཚམས་ན་ཡོད། འཕགས་པ་འཇམ་དཔལ་དང་གཉིས་སུ་མེད། གཅིག་ཙམ་བལ་པོའི་ཡུལ་ན་ཡོད། འཕགས་པ་ཝ་ཏི་དང་གཉིས་སུ་མེད། གཅིག་ཙམ་མང་ཡུལ་གྲོང་ན་ཡོད། འཕགས་པ་བྷུ་ག་དང་གཉིས་སུ་མེད། ཟེར་བ་གསན་པས། རྟེན་དེ་རྣམས་རིགས་གསུམ་མགོན་པོ་དངོས་དང་ཁྱད་མེད་པས། དེ་རྣམས་ཀྱི་སྤྲུལ་པ་ཡིན་པར་བྱེད་
ཅེས་
གསུང། རྒྱལ་བུ་ཆགས་པ་མེད་པའི་སྐྱེས་རབས་ལས། བླ་མ་ཆགས་པ་མེད་པའི་ཞལ་ནས། སྲས་ཀྱི་སྙིང་པོ་ཆགས་པ་མེད། བདག་གི་རབ་འབྱིན་མགོན་པར་གྱུར། དེ་བཞིན་ཁྱེའུ་སྟོང་ཕྲག་དག། ལྔ་བདོ་སྙིགས་མ་མ་རུང་ཚེ། ཁྱོད་ཀྱི་སྲིད་འཛིན་འགྲོ་བ་བསྐྱོང། མཐའ་མཁོབ་ཡུལ་གྱི་དབུས་སུ་བྱེད། རིན་ཆེན་ཕྲེང་བ་བསྟན་པའི་དཔལ། ནོར་བུ་བརྩེགས་པ་བཞིན་དུ་སྐྱོང། ས་བཅུའི་མགོན་པོ་འཇམ་པའི་དཔལ། བསྟན་པ་རིན་ཆེན་གསལ་བར་བྱེད། ས་བཅུའི་དབང་ཕྱུག་སྤྱན་རས་གཟིགས། སྟོན་པའི་རྒྱལ་མཚན་འཛིན་པར་བྱེད། ས་བཅུའི་དབང་ཕྱུག་རྡོ་རྗེ་འཛིན། ཚུལ་ཁྲིམས་མེ་ལྕེ་རབ་འབར་ཏེ། འཆལ་པའི་བུད་ཤིང་བསྲེག་པར་བྱེད། ཅེས་གསུངས་སོ། དེ་ལྟར་བཤེས་གཉེན་སྟོན་པ་ལ་ལས་ཅན་གྱི་སློབ་མ་བརྒྱད་བཅུ་ཙམ་མཚོ་ལ་པདྨས་བརྒྱན་པ་ལྟར་བྱོན་པ་ལས། ཆོས་ཀྱི་བརྒྱུད་པ་འཛིན་པའི་མཆོག་འཕགས་པ་སྐུ་མཆེད་གསུམ་ཡིན་ནོ། གསུམ་པ་དེ་ལས་འཕྲོས་པ་བྱོན་