[A:༦ན]བཟང་ལས། གསང་སྔགས་མདོ་སྡེའི་ཚུལ་དུ་བཤད་ཀྱིས་ཉོན། ཞེས་མདོ་སྡེའི་སྡེ་སྣོད་དུ་གསུངས་ལ། ཨ་བྷ་ཡས། སྡེ་སྣོད་གསུམ་ཀའི་དོན་ཆ་ལྡན་དུ་སྟོན་པས་གསུམ་ཀའི་ཆར་གཏོགས་པར་བཞེད་དོ། དེ་ལྟ་བུའི་ལུང་སྡེ་སྣོད་གསུམ་འཆད་ཉན་གྱིས་གཏན་ལ་འབེབས་ཤིང། བསླབ་པ་རིན་པོ་ཆེ་གསུམ་སྒྲུབ་པ་ཉམས་ལེན་གྱིས་རྒྱུད་སྨིན་པར་མཛད་པ་དེ་ལ་བསྟན་པ་འཛིན་པའི་གང་ཟག་ཅེས་བྱ་ཞིང། དེ་ཇི་སྲིད་གནས་ཀྱི་བར་བསྟན་པ་གནས་པ་ཞེས་བྱའོ། བསྟན་པའི་གཏད་ལུགས་ཀྱང། ཐུབ་པའི་དབང་པོ་འོད་སྲུངས་ཀུན་དགའ་བོ། ཤ་ནའི་གོས་ཅན་ཉེར་སྦས་དྷི་དྷི་ཀ། ནག་པོ་ལེགས་མཐོང་བློས་མི་འབེབས་ལ་སོགས། ཤེས་ཞེས་པ་ལྟར་བྱོན་ནོ། འདི་ལུང་ཕྲན་ཚེགས་ལས་གསུངས་པ། ཉན་ཐོས་པའི་ལུང་ཡིན་ཀྱང་དོན་ལ་མི་འགལ་ཏེ། བསྟན་པའི་རྩ་བ་སོ་སོ་ཐར་པ་ཡིན་པས་སོ། དེ་ནས་བསྟན་པ་འཕགས་པ་ཀླུ་སྒྲུབ་ལ་གཏད་པར་བཞེད་དོ། གསུམ་པ་བསྟན་འཛིན་ཤིང་རྟའི་སྲོལ་འབྱེད་བྱོན་པའི་ཚུལ་ལ་གསུམ། ཟབ་མོ་ལྟ་བའི་བརྒྱུད་པ་ཀླུ་སྒྲུབ་ཡབ་སྲས་བྱོན་ཚུལ་རྒྱ་ཆེན་སྤྱོད་པའི་བརྒྱུད་པ་ཐོགས་མེད་སྐུ་མཆེད་བྱོན་ཚུལ། ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་བྱོན་ཚུལ་ལོ། དང་པོ་ནི་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་འདི་སྔོན་བསྐལ་པ་དཔག་ཏུ་མེད་ཅིང་ཆེས་ཡངས་པའི་སྔ་རོལ་དུ་དེ་བཞིན་གཤེགས་པ་སྒྲ་གཅན་ཟིན་ལས་དང་པོར་ཐུགས་བསྐྱེད་པར་མཛད་ཅིང། དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་ཀྱང་ལུང་བསྟན་པར་མདོ་ལས་གསུངས་ལ། ཐུབ་པའི་དབང་པོ་འདིས་ལུང་བསྟན་པ་ནི་ལང་ཀར་གཤེགས་པ་ལས། སོ་སོ་རང་རིག་ཐེག་པ་ནི།