[A:༦༡བ] བ་དང་མཇལ་ཡུང་རིང་དུ་བསྟེན་ཅིང་ཡོན་ཏན་བུམ་པ་གང་བྱོའི་ཚུལ་དུ་མཛད་སྔར་བྱ་མཆད་ཀྱིས་ལུང་བསྟན་པ་བཞིན་མཆད་ཁ་གསར་མ་བཏབ། མཆད་ཁ་བ་ཆེན་པོའི་ནང་རྟེན་དུ་སྐུ་ལྡེར་རིན་པོ་ཆེ་དང་ཕྱི་རྟེན་གྱི་མཆོད་རྟེན་ལ་སོགས་པ་བཞེངས་ནས་ཀླུངས་ཤོད་དུ་བྱོན། སྤྱིལ་ཕུའི་དགོན་པ་བཏབ་སྟེ། རྣམ་གཡེང་སྤངས་ནས་སྟོད་དུ་མཁར་གོང་ལ་ཁ། སྨད་དུ་ཉུང་ཞིང་སྒང་དུ་མཚམས་མཐོ་བརྒྱབ་ནས་ལོ་བདུན་དུ་མཚམས་མི་འདའ་མཛད། དེ་ནས་བྲག་དཀར་གནས་བརྟན་སོགས་ཀྱིས་སྤྱན་དྲངས་ནས། མཆད་ཁར་དགུན་ཆོས་ལ་བྱོན་པས། དིང་སང་གི་བར་དབྱར་གྱི་ཚུལ་ཞུགས་སྤྱིལ་ཕུར་མཛད། དགུན་ཆོས་མཆད་ཁར་གསུང་བའི་སྲོལ་བྱུང་ལ། གདུལ་བྱ་དུ་མ་སྨིན་པར་མཛད་ནས། དྲུག་བཅུ་རྩ་དགུ་པ་ས་མོ་བྱའི་ལོ་དབྱར་ཟླ་ར་བའི་ཚེས་བཅུ་གསུམ་ལ་སྤྱིལ་ཕུར་གཤེགས། འདི་ལ་སློབ་མའི་མཆོག་ལྷ་ཆེན་པོ་རྒྱ་སྤང་པ་ཐང་པ། ཉན་ལྷ་སྡིངས་པ་སོགས་མང་དུ་བྱོན་པ་ལས། ལྷ་ཆེན་པོ་ནི། ཡབ་ཇོ་བོ་རྣལ་འབྱོར། ཡུམ་སྣ་ནམ་གཟའི་སྲས་སུ་སྟག་ལོ་ལ་ཕོ་བྲང་ཁང་དམར་དུ་འཁྲུངས། དགུང་ལོ་བཅུ་བཅོ་ལྔ་ལ་རྒྱ་དུར་གྱི་མཁན་པོ་ཀླུབས་དཀར་དང། གཙང་པ་ཁྱུང་པོ་ལ་མཁན་སློབ་ཞུས། བྱ་སར་རབ་ཏུ་བྱུང་སྟེ་མཚན་བྱང་ཆུབ་རིན་ཆེན་དུ་བཏགས། དེ་ནས་བྱ་མཆད་ཁ་བའི་སྐུ་འདྲ་གཟིགས་པས་དད་པའི་རྐྱེན་བྱས་ཏེ། དགེ་བཤེས་སེ་དང་མཇལ། ཆོས་མང་དུ་ཞུས། ཉི་ཤུ་རྩ་བཞི་ལ་རྒྱ་སར་སྒང་ནས་མཁན་པོ་གླན་སྤྱན་དྲངས་ཏེ་བསྙེན་པར་རྫོགས། གཞན་ཡང་ཁ་ཆེ་པཎ་ཆེན་ལ་སོགས་པ་བླ་མ་མང་དུ་བསྟེན། སེ་སྤྱིལ་བུ་བ་གཤེགས་ནས། མཆད་ཁ་སྤྱིལ་བུའི་གདན་ས་མཛད། བཀའ་འགྱུར་གྱི་ལུང་བཞུགས་པས་ལྷ་ལུང་གི་དབང་ཕྱུག་གི་ཏུ་གྲགས། སངས་རྒྱས་སྨན་བླ་སོགས་ཡི་དམ་མང་པོའི་ཞལ་གཟིགས་པ་རྣམ་ཐར་དུ་