R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༦༢ན
[A:༦༢ན] གསལ། འབྲུག་ལོ་བདུན་བཅུ་རྩ་ལྔ་པ་ལ་མཆད་ཁར་ཐེགས། ལྷ་འགྲོ་བའི་མགོན་པོ་ནི། ཡབ་ཇོ་འབག་གི་སྲས་སུ་རྟ་ལོ་ལ་འཁྲུངས། ལོ་བཅུ་དྲུག་པ་ལ་མཆད་ཁར་ཁུ་བོའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་ཞུས། དེ་ནས་སྐྱོར་མོ་ལུང་དུ་སྦལ་ཏི་ལ་རབ་ཏུ་བྱུང་སྟེ། མཚན་དབང་ཕྱུག་འོད་དུ་བཏགས། དེ་ནས་སྤོ་ཏོར་དགེ་བཤེས་གནས་བརྟན་ལ་མཁན་པོ་ཞུས་ཏེ་བསྙེན་པར་རྫོགས། ལྷ་ཆེན་པོ་གཤེགས་ནས་གདན་ས་མཛད། མི་གཡོ་བའི་གྲུབ་པ་བརྙེས་པས་སྟག་ཤམ་ཅན་དུ་ཡང་གྲགས། གདུལ་བྱ་མང་པོ་སྨིན་པར་མཛད་ནས། བདུན་བཅུ་རྩ་བཞི་པ་ལུག་ལོ་ཟླ་བ་དགུ་པའི་ཉེར་གཅིག་ལ་སྤྱིལ་ཕུར་ཐེགས། ལྷ་བྲག་ཁ་བ་ནི། ཇོ་བོ་ཤཱཀྱ་བཀྲ་ཤིས་ཀྱི་སྲས་སུ་ཁྱི་ལོ་ལ་འཁྲུངས། ལྷ་འགྲོ་མགོན་དང་མཇལ་ཏེ་རབ་ཏུ་བྱུང། མཚན་ཡེ་ཤེས་བློ་གྲོས་སུ་བཏགས། སྦས་པ་སྟོན་གཞོན་སོགས་ལ་ཆོས་རྣམས་རྫོགས་པར་གསན། མཆན་ཁ་སྤྱིལ་གུའི་གདན་ས་མཛད། སུམ་ཅུ་རྩ་བདུན་ལ་ཐེགས། དེ་ནས་ཇོ་འཕེལ་གྱི་སྲས་ལྷ་དབང་ཕྱུག་ཡེ་ཤེས་འབྲུག་ལོ་པ། ཟུར་ཁང་པ་སྔ་མར་གྲགས་པས་གདན་ས་མཛད་དེ། དྲུག་བཅུ་ལ་ཐེགས། དེ་ནས་གྲགས་པ་རིན་ཆེན་གྱི་སྲས་ལྷ་བློ་གྲོས་འོད་བྱ་ལོ་པ། གདན་ས་ལོ་བཞི་བཅུ་མཛད་དེ། ལྷ་རིན་ཆེན་སེང་གེ། མཁན་ཆེས་སེང་གེ་རྒྱལ་མཚན་སོགས་སྨིན་པར་མཛད། དྲུག་བཅུ་རྩ་བཞི་ལ་ཐེགས། གདན་ས་ཟུར་ཁང་པ་རིན་ཆེན་སེང་གེས་མཛད། དེ་ནས་ལྷ་ཤཱཀྱ་བསོད་ནམས། དེ་རྗེས་ལྷ་ཟུར་ཁང་པ་བསོད་ནམས་ལྷུན་གྲུབ། ལྷ་དཔལ་ལྡན་བཟང་པོ། ད་ལྟ་གདན་སར་བཞུགས་པ་ལྷ་བསོད་ནམས་རྒྱལ་མཚན་པ་རྣམས་བྱོན་ནོ། མཁན་ཆེན་སེང་གེ་རྒྱལ་མཚན་པའི་སྐུ་ཆེ་བའི་ཡོན་ཏན་རྣམས་ཇོ་སྟན་སྒོམ་དཔལ་གྱིས་བྱས་པའི་རྣམ་ཐར་དུ་གསལ་ལ།