[A:༦༥ན] དབུས་གཙང་གི་སྟོན་ཆེན་ཐམས་ཅད་འཚོགས་ནས། ཆོས་ཀྱི་བགྲོ་གླེངས་འབའ་ཞིག་མཛད་པས། ཁོང་གིས་ཀྱང་གྲྭ་སྐོར་ལ་བྱོན། རྩོད་པ་མཛད་པས། གློག་སྐྱ་གཙོ་རྒན་བྱ་བས་ཉན་ནས། བོད་དབུས་གཙང་གི་སྟོན་ཆེན་འདི་ཙམ་ཞིག་ཉིན་རེ་བཞིན་འཚོགས་ནས། མར་འཁོར་བ་ན་ངོ་ལུགས། ཡར་ཐར་པ་བསྒྲུབ་ལུགས་ཀྱི་ཆོས་ཚིག་བཞི་པ་གཅིག་མེད་པར། ཀླད་པ་གས་གས་བ་གླང་དཀར་ཟལ་ལ་འཚི་བ་འདི་བྱུང་རེ་ཆེ་ཟེར་བ་གསན་པས། ཁོས་ཀྱང་དེ་ཙམ་ཞིག་གོ་འདུག་ན། ད་རྒྱ་གར་དུ་ཆོས་འཚོལ་བ་ལ་འགྲོ་དགོངས་ནས་བྱོན་པ་དང། མཁའ་རུ་བའི་གྲྭ་པ་དགེ་སློང་སྣམ་སྦྱར་འཕྲག་པར་གཞག་པ་ཚུལ་ཁྲིམས་ཀྱི་དྲི་བྲོ་བ་ཅིག་དང་མཇལ་ཏེ། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། ངང་མཚོ་ལ་འོ་མ་ལེན་པ་ལྟར། རང་གི་འདོད་པ་དང་དུ་བླང་བར་གྱིས། ཤེས་ཞེས་གསུངས། དེ་སུས་མཛད་བྱས་པས། ཇོ་བོའི་གསུང་ཡིན་ཟེར། གང་ནས་བྱོན་བྱས་པས། མཁའ་རུ་དགོན་པ་ནས་འོངས་ཟེར་བས། མཁའ་རུར་བྱོན། སྐྱབས་འགྲོའི་ཆོས་སྐོར་གསུང་བ་གསན། དེ་ནས་མཁའ་རུ་བས་ལུང་བསྟན་ནས། ར་སྒྲེང་དུ་རྣལ་འབྱོར་པ་ཆེན་པོའི་སྤྱན་སྔར་བྱོན། ལྟ་བའི་དྲི་བ་མང་པོ་མཛད་པས། སྟོན་པ་སྔོན་དུ་ཐབས་གོམས་པས་རྒྱུད་སྨིན་དགོས་པ་ཡིན་གསུང་ནས། ཐོག་མར་སྐྱབས་འགྲོ་དང་བྱམས་སྙིང་རྗེ་ནས་རིམ་གྱིས་ཁྲིད་དེ་ཆོས་མང་དུ་གསན་ནོ། དེ་དུས་སྤྱན་སྔ་བ་སྐུ་མཚམས་ལ་བཞུགས་པས། རྣལ་འབྱོར་པས་མཇལ་སྣ་མཛད་དེ་ཆོས་གསན། རྩ་བའི་བླ་མ་ཞུས། དེ་ནས་རྣལ་འབྱོར་པ་ལོ་དགུ། དགོན་པ་བ་ལོ་ལྔ་བསྟེན། སྤྱན་སྔ་བ་ལོ་བདུན་འབྲལ་མེད་དུ་བསྟེན་ཏེ། བཀའ་གདམས་ཀྱི་ཆོས་ཐམས་ཅད་རྫོགས་པར་གསན། གསེར་སྲང་བརྒྱད་བརྒྱ་འབུལ་བར་དམ་བཅས་ཏེ། ཕྱེད་ཕྱག་ཏུ་ཕྱིན་པ་ལ་