R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༦༥བ
[A:༦༥བ] སྤྱན་སྔ་བ་གཤེགས་པས། བཞི་བརྒྱའི་ཚབ་ཏུ་དགུང་ལོ་དོན་གསུམ་པ་ལ་ལམ་པའི་གཙུག་ལག་ཁང་གི་རྨང་བཏིང་སྟེ་རྫོགས་པར་གྲུབ། སྐུ་གསུང་ཐུགས་ཀྱི་རྟེན་སྔ་ཕྱིར་དཔག་ཏུ་མེད་པ་བཞེངས་པའི་གྲགས་ཆེ་བ། རབ་གནས་ཀྱི་དུས་སུ་སྤྱན་སྔ་བ་ལ་ཆོས་གསུངས་པའི། འཇམ་དཔལ་དཔའ་བོའི་སྐུ་ལ་སོགས་པ་རྒྱུད་སྦྱངས་མ་བདུན་དང། རྣལ་འབྱོར་པས་རབ་གནས་མཛད་པ་སྤོ་ཏོའི་གསུང་འབྱོན། མཁའ་རུའི་ལྗང་སྐྱེས། བཙན་གྲོའི་ཆུ་ཁོལ་ཞེས་རྟེན་རྟགས་ཐོན་གསུམ་དུ་གྲགས་པའི་ཐུབ་པ་ཆུ་ཁོལ་སོགས་མང་དུ་བཞེངས། སྤྱན་དང་མངོན་བར་ཤེས་པ་མངའ། ཡི་དམ་མང་པོ་ཞལ་གཟིགས། བདེན་གཉིས་ཀྱི་རྟོགས་པ་ཐུགས་ལ་འཁྲུངས། འགྲོ་དོན་རྒྱ་ཆེར་མཛད་དེ། སློབ་མ་རྟོགས་ལྡན་སྡིངས་མོ་བ་གནུབས་ཆོས་འབར། དགེ་བཤེས་ལྷ་བཟོ་ཁྱུང་ཁམས་པོ་ཆེ། གློག་སྐྱ། དགེ་བཤེས་ཟར་པ། བྱ་འདུལ་འཛིན། དགེ་བཤེས་གནས་བརྟན་ལ་སོགས་པ་རྟོགས་པ་དང། གཞན་ཕན་ལ་མངའ་བརྙེས་པ་མང་དུ་བྱོན་ཏེ། ལོ་བརྒྱུས་རྒྱུས་ཅུང་ཟད་འོག་ཏུ་འཆད་དོ། དེ་ནས་སྟོད་ལུངས་པ་དགེ་བཤེས་ལྷ་བཟོ་ལ་གདན་ས་གཏོད་དགོངས་པ་ལ། ལྷ་བཟོས་མངོན་ཤེས་ཀྱིས་རིག་ནས་གྲམ་རྡ་ཆད་སྐད་སར་བཞུགས་པས་གླེན་པ་ལྷ་བཟོ་དེ་བྱུང་ན་བསླབ་བྱ་འདྲ་བྱ་རྒྱུ་ཡོད་པ་ཡིན་ཏེ་མ་བྱུང། ད་དགེ་བཤེས་གློག་སྐྱ་དང། ཟར་པ་གཉིས་ཀྱིས་འདི་དང་མལ་གྲོ་ཟར་གཉིས་སྤྱི་ལ་བསྐྱོངས་གསུང། དེར་ཡོད་པ་རྣམས་ཀྱིས་རྗེས་སུ་རྟེན་བཞེངས་སོགས་ཇི་ལྟར་བྱེད་ཞུས་པས། སྤུར་འདི་གཡའ་ཕུ་རྒྱུའི་རྩེ་ལ་བསྐྱོལ། རྟེན་མ་བཞེངས་གསུང། འོ་ན་སྤྲུལ་སྐུ་བྱ་ཡུལ་བ་རྟེན་བཞེངས་པ་འདུག་ན། ཇི་ལྟར་བྱེད་ཞུས་པས། ང་ཁོང་ལ་དྲིན་ཆེ་བ་ཡིན། ལོ་བདུན་འགྲོ་བ་ནས་བསྐྱངས། བླ་མ་སྤྱན་སྔ་རྣལ་འབྱོར་པ་ལྟ་བུ་ལ་སྤྲད།