R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༧༤བ
[A:༧༤བ] ཁྱུུང་ཁམ་གཙང་ལ་འབྱོན་ཁར། བདེན་གཉིས་དང་ཁྱུང་ཁམ་གཙང་ལ་བཞུད། བདེན་ནམ་མི་བདེན། ཕ་བོང་འཕེན། གཡག་ལ་དྲིས་གསུང་ནས། ཕྱག་མཁར་བརྡབས་པས་ཚལ་པར་གས། དེ་ནས་ཉང་རོ་ཐ་བ་ཚལ་དུ་བྱོན་ནས། སྡིངས་ཕུ་དགོན་པའི་རྨང་བཏིང། བདེན་གཉིས་ཆོས་ཚན་བཅུ་གཉིས་སུ་བསྡུས་པ་གསུངས། གཞན་ཕན་བསྐྱངས་པས་སློབ་མ་མང་དུ་འཕེལ་ལོ། བྱ་འདུལ་འཛིན་ནི། འཁྲུངས་ཡུལ་གཙང་རོང་གཡུང་གི་ནང་གི་གཉའ་པ། ཡབ་བྱ་རྒྱལ་བ་ལ་སྲས་གཉིས་ཡོད་པའི་གཅུང་པོ། ལྕགས་ཕོ་འབྲུག་ལ་འཁྲུངས། གཞོན་ནུའི་དུས་རོང་སྣར་མདའ་ཚེ་དམར་གྱི་གཙུག་ལག་ཁང་དུ་འབེ་ཤེས་རབ་འབར་ཆོས་གཞི་ལ་བྱོན་པ་མཇལ་དུ་བྱོན་པས། ཕར་ཕྱིན་གསུང་བའི་ལམ་ཤེས་ཀྱི་སྐབས་སུ་སློབ་ཆོས་གསན་པས་ལྷའི་མེ་ཏོག་ཆར་འབབ་པ་མཐོང། དད་པ་སྐྱེས་པས། ཡབ་ལ་ཞུས་ཏེ་རབ་ཏུ་བྱུང། མཚན་བརྩོན་འགྲུས་འབར་དུ་བཏགས། འབེའི་ཞལ་ནས། རབ་ཏུ་བྱུང་བས་འདུལ་བ་བསླབ་དགོས་པས། ཐོག་མར་འདུལ་བ་སློབས་གསུང་བས། ལྡན་དུ་སོག་ཚུལ་ཁྲིམས་བླ་མ། དེ་ནས་རྒྱ་འདུལ་འཛིན་དང། རྨ་ཚོ་ལ་འདུལ་བ་གསན་ཅིང་མཁས་པར་གྱུར། དེ་ནས་རྒྱལ་ཚ་ཞང་ཡེས་ལ་དབུ་ཚད་དང། ཟངས་དཀར་ལོ་ཙཱ་བ་ལ་ཡོ་ག་བསླབས། དེ་ནས་བཤད་ཉན་མཛད་པའི་སྐབས་སུ་དཔེ་ཆ་རྣམས་ཁམས་པའི་གྲྭ་པས་བརྐུས་པ། ཐུགས་སྐྱོ་བ་སྐྱེས་ཏེ། སྟོད་ལུངས་པའིདྲུང་དུ་བཀའ་གདམས་ཞུ་རུ་བྱོན་པ། ཡོན་ཏན་ཆེ་བའི་ང་རྒྱལ་གྱིས་དང་པོར་ཕྱག་མ་བྱས་པ་སོགས་སྤྱོད་པ་འགའ་ཞིག་ལ་བརྟེན་ནས་སྟོད་ལུངས་པས་བཀའ་བཀྱོན་དྲག་ཏུ་མཛད་དེ་བསྐྲད། དེར་ལོག་ནས་བྱོན། སྟོད་ལུངས་ཟམ་ཁར་སླེབ་པ་ན་འགྱོད་པ་སྐྱེས་ཏེ་