[A:༧༤ན] སྐྱོང་ཞལ་གཟིགས་པ་སོགས་རྒྱས་པར་རྣམ་ཐར་དུ་གསལ་ལ། ལོར་བྱེས་པ་མཁན་པོ་ལོ་ལྔ། གཟིམས་འོག་ལོ་གསུམ། གདན་ས་གོང་ལོ་བཅུ་བདུན་མཛད། བདུན་བཅུ་དོན་ལྔ་པ་འབྲུག་ལོ་ཟླ་བ་བཅུ་གཅིག་པའི་ཉེར་དྲུག་བར་དུ་བཞུགས། འདིར་སྨྲས་པ། ངེས་འབྱུང་ཚུལ་ཁྲིམས་གསུམ་གྱིས་བག་ཡོད་ཕྱུག། རབ་འབྱམ་སྡེ་སྣོད་གསུམ་ལ་མཁྱེན་པ་རྒྱས། འཆད་རྩོད་རྩོམ་པ་གསུམ་ལ་མངའ་བརྙེས་པའི། བླ་མ་མཆོག་ལ་སྒོ་གསུམ་གུས་པས་འདུད། དེ་ནས་བདག་གིས་གདན་ས་ལོ་སུམ་བཅུ་སོ་དགུ་བྱས་ཏེ། ཆོས་ཀྱི་འབྲེལ་པ་ཐོབ་པ་བཅུ་ཕྲག་གཉིས། བཀའ་དྲིན་ལྷག་པར་ཆེ་བའི་བླ་མ་བདུན། མདོ་རྒྱུད་གཞུང་འགྲེལ་མན་ངག་མང་དུ་ཐོས། ཡོངས་འཛིན་ཆེན་པོས་མཉེས་ཤིང་རྗེས་སུ་གཟུང། བཀའ་བརྒྱུད་བླ་མའི་རྣམ་ཐར་དྲི་མེད་མཚོ། བཤེས་གཉེན་གདེངས་ཅན་སྟོང་གིས་ལེགས་གཏམས་པ། ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས་ལ། ངོམས་པར་བཏུང་དུ་ཡོད་པ་སྐལ་བ་བཟང། ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། གོང་དུ་སྨོས་པ་སྟོད་ལུངས་པའི་སློབ་མ་ལམ་གྲགས་ཆེ་བ། སྡིངས་པོ་བ། གློག་སྐྱ། དགེ་བཤེས་ཟར་པ། དགེ་བཤེས་ལྷ་བཟོ། ཁྱུང་ཁམ། བྱ་འདུལ་འཛིན་དང་དྲུག་ལས། དང་པོ་གསུམ་གོང་དུ་ཟུར་ཙམ་བཤད་ལ། སྟོད་ལུངས་པའི་དགོངས་པ་ལོན་པ་ཕྱི་མ་གསུམ་ཡིན་ཏེ། ལྷ་བཟོས་མངོན་ཤེས་ལྔ་ཐོབ། སྟོད་ལུངས་པ་འཁོར་ལོ་བདེ་མཆོག་དང་གཉིས་སུ་མེད་པར་གཟིགས་གསུང། ཁྱུང་ཁམ་གྱིས་སྒྱུ་ལུས་ཀྱི་རྟོགས་པ་བརྙེས། སྟོད་ལུངས་པའི་ཞལ་ནས། ཁྱོད་ཀྱི་གདུལ་བྱ་གཙང་དུ་ཡོད་པས་དེར་སོང། དགོན་པ་ཐོབ། སློབ་མ་བསྡུས་ལ་བདེན་གཉིས་བཤད་དོ། ངའི་བདེན་གཉིས་འདི་མ་དོར་ཅིག་གསུང་བས།