[A:༧༥ན] ཆོས་ཞུར་འོངས་པ་ལ། དེ་ལྟར་བྱེད་པ་ང་མ་བདེན་སྙམ་དུ་དགོངས་པ་དང། སྟོད་ལུངས་པའི་ཞལ་ནས། ཉེ་གནས་ལ་ད་ཁོ་འགྱོད་པ་སྐྱེས་ནས་འདུག་གི ཡར་གདན་དྲོངས་ལ་ཤོག་གསུང། གདན་དྲངས་བཀུར་སྟི་བྱས། དེར་བཀའ་གདམས་ཀྱི་གདམ་ངག་ཐམས་ཅད་ཡོངས་སུ་རྫོགས་པར་གསན་ནས་ཐུགས་དམ་གྱི་གཙོ་བོ་མཛད་དོ། དེ་ནས་ཟུལ་ཕུར་བཤད་གྲྭ་གཙུགས་བཙུགས་ཏེ་ཚོགས་ལོ་དགུའི་བར་དུ་བསྐྱངས། མདོ་རྩའི་ཊིཀྐཱ་ཆེ་ཆུང་དང། འདུལ་བ་སྤྱིའི་རྣམ་གཞག་མཛད། དེའི་ཚེ་བསམ་ཡས་དཔེ་དཀར་གྱིས་བར་ཆད་བརྩོམ་རྩོམ་པའི་ཕྱིར་བཙུན་པར་སྤྲུལ་ནས་ཞབས་ཏོག་ལོ་མང་དུ་བྱས་ཀྱང་འདུལ་བ་དང་འགལ་བའི་མཛད་པ་ན་བཟའི་སྤུ་ཕྱིར་བསྟན་ཏེ་གྱོན་པ་ཙམ་མ་གཏོགས་སྐྱོན་མ་རྙེད་པས། དཔེ་དཀར་ཡང་དད་པར་གྲགས་སོ། དེ་ལྟར་བཀའ་གདམས་ཀྱི་མན་ངག་ལ་ཉམས་ལེན་མཛད། བུ་ཆེན་འདུལ་བ་ལ་མཁས་ཤིང་འགྲོ་དོན་ཕུན་སུམ་ཚོགས་པ་བདུན་བཅུ་རྩ་དྲུག་བྱུང་བའི་ནང་ནས། དབུས་ཀྱི་བུ་ཆེན་གསུམ་ནི། ག་བ་དར་སོང། རྣལ་འབྱོར་བྱང་སེང་། རྗེ་མ་ཆོས་སེང་དང་གསུམ། གཙང་ནས་གཙང་ངུ་རིན་རྒྱལ། རྩིས་པ་གཞོན་ནུ་སེང་གེ་སོགས་བྱོན། དེ་ལྟར་བསྟན་པའི་བྱ་བ་རྒྱ་ཆེན་མཛད་དེ། དགུང་ལོ་བདུན་བཅུ་དོན་ལྔ་བཞེས་པ་ན། ཟུལ་ཕུར་སྐུ་གཤེགས། ལུང་བཞུ་བས་ཐུགས་ལྗགས་རིང་སྲེལ་སོགས་མང་དུ་བྱོན་ནོ། དེ་ནས་དགྱེར་སྒོམ་ཆེན་པོ་ནས་བརྒྱུད་པ་ཅུང་ཟད་བཤད་ན། དང་པོ་ཡར་ལུངས་འཕྱོང་རྒྱས་ཀྱི་བང་སོ་པདྨ་ཅན་བྱ་བར། ཡོན་བདག་ཉི་མ་མགོན་གྱི་སྲས་དགྱེར་ཤེས་རབ་སྐྱབས་ཟེར་བ་དབུ་རུ་སྣོན་མདའི་རེག་སྣར་ཡུལ་འཆུགས། བཙུན་མོ་འཚལ་སྟོད་ནས་ཀླུ་ལྕམ་