[A:༧༥བ] བྱ་བ་ཁབ་ཏུ་བཞེས། སྲས་གསུམ་བྱུང་བ། ཁྱེའུ་ལ་སྟག། བུ་མོ་སྟག། ཁྱེའུ་ལ་དོར་རོ། ཆུང་བ་ཁྱེའུ་ལ་དོར་རབ་ཏུ་བྱུང་སྟེ་སྒོམ་པ་ཤེས་རབ་གྲགས་ཟེར། ཆེ་བ་ཁྱེའུ་ལ་སྟག་དགུང་ལོ་བཅུ་གཉིས་པ་སྣོན་ཕུ་གཉེར་དུ་སྤྲུལ་སྐུ་བྱ་ཡུལ་བས་མཁན་པོ་མཛད།
རྣམ་ཐར་གཞན་ན་མཁན་སློབ་གསལ་བ་མི་སྣང།
ཞང་སྙིང་ཕུག་པས་སློབ་དཔོན་མཛད་ནས་རབ་ཏུ་བྱུང་སྟེ། མཚན་གཞོན་ནུ་གྲགས་སུ་བཏགས། དགུང་ལོ་བཅུ་བདུན་ལ་སྣེའུ་ཟུར་དུ་བྱོན། ལོ་དགུ་བཞུགས། སྣེའུ་ཟུར་པ་གཤེགས་ནས་བྱ་ཡུལ་བ་ཆེན་པོ་ལོ་ལྔ་བསྟེན། བཀའ་གདམས་ཀྱི་ཆོས་སྐོར་རྫོགས་པར་ཞུས། སློབ་མ་བརྒྱད་བརྒྱ་ཙམ་བྱོན་པའི་ནང་ནས་གྲགས་ཆེ་བ་ཉ། བྱ། ཟུག་དང་གསུམ། དགེ་བཤེས་གཡོར་སྟོན། སྐྱི་སྟོན། ལྷོ་བྲག་སྟོན་པ། དམར་སྟོན། ཁམས་སྟོན། སྟོན་པ་འོད་ཟེར་སླ་མ། སྨོན་ལམ་བཟང་པོ། སྟོན་པ་གཞོན་ལེགས་སོགས་བྱོན་ཟེར་བ་འདུག་ཀྱང། ས་ཆ་འདི་དང། དགོན་པ་འདི་བཏབ་སོགས་གསལ་ཀ་མ་ཐོས་ལ། སངས་རྒྱས་དབོན་སྟོན་ནི་འགྲན་གྱི་
དོ་མེད་ཡིན་ནོ། མེ་མོ་བྱ་ལ་ར་སྒྲེང་བཏབ་ནས་ལོ་དྲུག་བཅུ་རེ་གཉིས་སོང་བ། ས་མོ་ཕག་ལ་རིན་ཆེན་སྒང་དང་གཙུག་ལག་ཁང་རྙིང་མ་བཞེངས། བླ་མའི་གདན་ས་ལ་སྒོ་སྟོན་གསུང་ནས་བྱ་ཡུལ་ཕྱོགས་སུ་བསྟན། ཇོ་བོ་མི་གཡོ་བ། དམ་ཚིགས་གསུམ་བཀོད། ཇོ་བོ་འཇམ་དཔལ་རྡོ་རྗེའི་ཞལ་གཟིགས། སྣེའུ་ཟུར་པ་དང་བྱ་ཡུལ་བའི་གསུང་སྒྲོས་དགང་གསོས་ནས་ལམ་རིམ་པོ་ཏི་བཞི་མ་དང་གཉིས་མ་བྱ་བ་སངས་རྒྱས་དབོན་སྟོན་སོགས་ལ་གནང་བས། སངས་རྒྱས་དབོན་སྟོན་གྱི་ཟིན་བྲིས་
སུ་བཏབ། གདན་སར་ལོ་ལྔ་བཅུ་བཞུགས། ཁྱ་གཉིས་པ་ཡོས་ལོའི་དགུན་ཟླ་ར་བའི་ཉེར་དགུ་ལ་ཐེགས། སངས་རྒྱས་དབོན་ནི། དགྱེར་སྒོམ་ཆེན་པོའི་མཆེད་ཟླ་དགྱེར་བུ་མོ་སྟག་ཅེས་པ་དང་།