[A:༧༦ན] ཡུམ་ཤ་མོ་སྟོག་གོ་ཞེས་པ་ལ་སྲས་ལྕམ་སྲིང་གསུམ་བྱུང་བའི་ཆེ་བ་ཡོན་བདག་ཡ་པོ་ཞེས་པ། དགེ་འདུན་དང་དཀོན་མཆོག་ལ་དད་པ་ཞིག་བྱུང། བར་པ་སངས་རྒྱས་དབོན། ལྕ་མོ་རྒྱ་མོ་ཧོར་དང་གསུམ་མོ། སངས་རྒྱས་དབོན་སྤྲུལ་སྐུ་བྱ་ཡུལ་བའི་སྐུ་སྐྱེར་བྱེད་པས། དགྱེར་སྒོམ་གྱི་ཞལ་ནས། ངས་བླ་མའི་གསུང་ཅིག་ལ་བརྟེན་ནས། བཙུན་ཆུང་འདི་ལ་བྱམས་པར་བྱས་པ་ཡིན་གསུང། སངས་རྒྱས་དབོན་དགུང་ལོ་བཅུ་བདུན་ལ་དགེ་བཤེས་འབེན་ཐང་པས་མཁན་པོ། དྭགས་པོ་བང་རིམ་པ་ལྡེའུ་སྒོམ་གྱིས་སློབ་དཔོན་མཛད་དེ་རབ་ཏུ་བྱུང། མཚན་གཞོན་ནུ་འབྱུང་གནས་སུ་བཏགས། ལོ་བཅུ་དགུ་ལ་སྐྱིད་སྨད་དུ་བྱོན། དགེ་བཤེས་ཉང་རན་དང། དགེ་བཤེས་ཁ་ཆེས་མཁན་སློབ་མཛད་དེ་བསྙེན་པར་རྫོགས། འཕན་ཡུལ་མདར་ཀ་བ་དར་སེང་ལ་འདུལ་བ་དང། གཞན་ཡང་སྡེ་སྣོད་མང་དུ་གསན། དེ་ནས་ལོ་བཅུ་བཅོ་བརྒྱད་ཀྱི་རིང་ལ་དགྱེར་སྒོམ་ཆེན་པོ་བསྟེན་ནས། གསུང་རབ་མཐའ་དག་དང། ལུང་མན་ངག་རྫོགས་པར་གསན། ཡི་དམ་ཆོས་སྐྱོང་དཔག་ཏུ་མེད་པ་ཞལ་གཟིགས། རྒྱ་མར་གཙུག་ལག་ཁང་གསར་མ་བཞེངས་པ་དང། རིན་ཆེན་སྒང་གི་གླིང་རྒྱ་བཀྱེད་པ། ཕྱོགས་ཀྱི་གཙུག་ལག་ཁང་དང་རྟེན་གསུམ་མང་པོའི་རབ་ཏུ་གནས་པ་སོགས་འགྲོ་དོན་རྒྱ་ཆེ་ཞིང། སངས་རྒྱས་སྐལ་ལྡན་ཤིང་རྟ་ཞེས་པར་འགྱུར་བར་ཞལ་གྱིས་བཞེས། སྤྱན་རས་གཟིགས་ཀྱི་སྤྲུལ་པར་ཡང་གྲགས། རྒྱས་པར་དོན་དུ་གཉེར་ན་ཁུ་དབོན་གྱི་རྣམ་ཐར་ཐུན་མོང་བ་ཆེ་བ་གཅིག་དང། མཆོད་ཁང་བཞེངས་ཚུལ་བཀྲ་ཤིས་ལེའུ་བརྒྱད་མ་བྱ་བ་ལྷོ་པ་དབུ་མ་པ་ནམ་མཁའ་ཤེས་རབ་ཟེར་བའི་སློབ་མ་ཅིག་གིས་བྱས་པ་དང། རི་བོ་མཎྜལ་གྱི་རྩེར་བྱོན་པའི་རྣམ་ཐར་རྣམས་སུ་གསལ་ལོ། སློབ་མ་རྟོགས་ལྡན་བཟང་