R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༧༦བ
[A:༧༦བ] མོ་བ། ཧགས་མོ་བ། ཟུང་ཆུང་མོ་པ། ནག་མོ་སང་ཡོན་དང་མོ་བཞིར་གྲགས་པ་རྣམས་ནི་རྒྱས་པར་ཁོང་རང་གི་བཀའ་ཐོར་བཀོད་འདུག་པ་རྣམས་ཡིན་ལ། གདན་སར་ལོ་བཞི་བཅུ་བཞུགས་ཏེ་བདུན་བཅུ་རྩ་གསུམ་པ་ལྕགས་ཕོ་རྟའི་མགོའི་ཟླ་བའི་ཚེས་བཞི་ལ་རྒྱ་མ་གནས་སུ་ཐེགས། རྟོགས་ལྡན་བཟང་མོ་བ་ནི། ཡུལ་དྭགས་པོ་བྲད་ལྷ་ས་བ། གདུང་རུས་སྤྱིལ། ཡབ་རྣལ་འབྱོར་ཇོ་སྟག་ལ་སྲས་གསུམ་ཡོད་པའི་འབྲིང་པོ། མཚན་གཞོན་ནུ་སེང་གེ་ཟེར། བྱིས་པའི་དུས་དྭགས་པོ་སྒོམ་ཚུལ་ལ་ཕྱག་རྒྱ་བའི་ཁྲིད་འགའ་དང། བྱ་ཡུལ་བའི་སློབ་མ་བོང་ཐང་བ་ལ་བཀའ་གདམས་ཀྱི་ཆོས་སྐོར་དང། པུ་གུ་དོར་ས་ཆེན་གྱི་སློབ་མ་གཤེན་པ་རྡོ་རྗེ་སེང་གེ་ལ་ས་སྐྱ་པའི་ཆོས་སྐོར་གསན། བཅུ་དགུ་པ་ལ་གཡེ་ཆུང་དུ་ཞང་བན་ལ་བསྙེན་རྫོགས་མཛད། དེ་ནས་སངས་རྒྱས་དབོན་བློ་མདའ་གྲོང་མོ་ཆེ་ན་སློབ་མ་མང་པོ་ལ་བཀའ་གདམས་ཀྱི་ཆོས་སྐོར་གསུང་བ་དང་མཇལ་བས་དད་དེ། ཉི་ཤུ་རྩ་བརྒྱད་ནས་རིན་ཆེན་སྒང་པའི་གྲྭ་པ་མཛད་ཡུན་རིང་དུ་བསྟེན། བཀའ་གདམས་ཀྱི་ཆོས་རྫོགས་པར་གསན། དེ་ནས་བསམ་ཡས་ཕུའི་བཟང་མོ་དགོན་པར་བཞུགས་པས་བཟང་མོ་བར་གྲགས། བདུན་བཅུ་རྩ་བདུན་པ་ཤིང་ཕོ་རྟའི་ལོའི་དཔྱིད་འབྲིང་མཆུས་ཉ་པའི་ཚེས་བཞི་ལ་བཟང་ལོ་དགོན་པར་ཐེགས། ཁོང་གི་སློབ་མ་ཇོ་གདན་ལྷས་ཕུ་བས་ལྷས་ཕུ་དགོན་གསར་བཏབ། ལྷ་དགེ་འདུན་སྒང་པས་དགེ་འདུན་སྒང་བཏབ། གཞན་ཡང་འཕན་ཡུལ་ཟོང་དགོན་པ་སོགས་བྱུང་ཡང་གྲགས་ཆེ་བ་ལྷ་འཕྲང་པོ་བ་ཡིན་ཏེ་ཁོང་གིས་སྦྲགས་སུ་རི་ཟངས་རྟོག་གི་དགོན་པ་བཏབ། ནགས་མོ་བས་བྱིན་གྱི་ནགས་མོ་དགོན་པ་བཏབ། ཟུང་ཆུ་མོ་པས་འཕན་ཡུལ་མདའི་ཟུང་ཆུར་