[A:༨༠བ] གནས་གསར་ལ་སོགས་པའོ། འབེ་ཤེས་རབ་འབར་གྱིས་ཉང་སྟོད་གནས་རྙིང་དུ་ཕར་ཕྱིན་གྱི་གྲ་གྲྭ་ས་གཙུགས་བཙུགས་ཏེ། ལ་སྟོད་དཀོན་མཆོག་མཁར་ལ་སོགས་པ་སྨིན་པར་མཛད་དོ། ཨར་བྱང་ཆུབ་ཡེ་ཤེས་ཀྱིས་གནམ་རྩང་ལྡེང་དང་གཞུ་ཀུན་དགའ་རབ་སོགས་སུ་ཆོས་གསུངས་ཏེ། གྲ་གྲྭ་པ་དཔེ་འགྲེམས་དུས་གཅིག་ལའང་བརྒྱད་བརྒྱ་ཙམ་འདུས། གྲགས་ཆེ་བ་དཀར་ཆུང་རིང་མོ་སོགས་མང་དུ་བྱོན་ནོ། གཞན་ཡང་གཉལ་ཞིག་གི་སློབ་མ་ལས་བརྒྱུད་པའི་ས་སྐྱ། ཞ་ལུ། སྣར་ཐང་སོགས་གཙང་གི་ཆོས་སྡེ་གྲགས་ཆེ་བ་རྣམས་སུ་མཚན་ཉིད་ཀྱི་བཤད་གྲྭ་བཙུགས་ཏེ། མདོར་ན་རྔོག་ལོ་ཙཱ་བ་ཁུ་དཔོན་ནས་བརྒྱུད་པ་རྣམས་ཨ་ཏི་ཤའི་སློབ་བརྒྱུད་ཀྱི་མཆོག་ཏུ་གཏོགས་ཤིང། བསྟན་པ་སྤྱི་ལ་བཀའ་དྲིན་ཆེ་བས་ཟུར་ཙམ་སྨོས་པའོ། གཉིས་པ་མངའ་རིས་པ་ཤེས་རབ་རྒྱལ་མཚན་ལས་གླེགས་བམ་བྱུང་ཚུལ་ནི། རྔོག་ལེགས་པའི་ཤེས་རབ་དེ་ཉིད་ལ་གསང་ཕུར་གྲ་གྲྭ་པ་ལྔ་བརྒྱ་ཙམ་འདུས་ཏེ་གཞན་ཕན་སྐྱོང་བའི་དུས་སུ། དེ་རྣམས་ཀྱི་ནང་ནས་རྣམ་གཡེང་ལ་མི་དགའ་ཞིང། འདོད་ཡོན་ལ་ཆེད་དུ་མི་བྱེད་པའི་བྱང་ཆུབ་སེམས་དཔའ་ཤེས་རབ་རྒྱལ་ཞེས་པ། མངའ་རིས་སྟོད་པ། ཇོ་བོ་དང་འབྲོམ་གཉིས་ཀ་ལ་ཆོས་ཀྱང་ཐོས་པ་ཅིག་ཡོད་པ་དེ་འདུ་འཚོགསམི་འོང་བར་གསང་ཕུའི་ནགས་ཁྲོད་ཅིག་ན་སྒོམ་འབའ་ཞིག་མཛད་ཅིང་བཞུགས་པ་ལ། དེ་དུས་རྔོག་གསང་ཕུ་བས་ནག་གསེབ་ན་ཡར་ལ་སྐྱོ་སངས་ལ་བྱོན་པ་ན། བྱང་ཆུབ་སེམས་དཔའ་ཤེས་རབ་རྒྱལ་མཚན་དང་མཇལ་ནས། རྔོག་ལ་ཕྱག་འཚལ་བ་དང། རྔོག་ན་རེ། ཁྱེད་བཟའ་བཏུང་ལོངས་སྤྱོད་ལ་མི་ལྟ་བ་ངོ་མཚར་ཆེ། དུས་དེང་སང་རྣམ་གཡེང་སྤངས་ནས་འདི་ལྟ་བུའི་དགེ་སྦྱོར་བྱེད་པ་ལ་དཀའ་ལས་ཡོད། ཁྱེད་ཐུགས་དམ་གྱི་མཐིལ་ཅི་ལ་མཛད་གསུངས་པས། ཤེས་རབ་རྒྱལ་མཚན་ན་རེ། ཡོངས་འཛིན་དམ་པ་གསན་དུ་གསོལ། འདུས་བྱས་ཆོས་ནི་འདི་འདྲ་བ། སྐྱེས་པའི་ཐ་མ་འཆི་