R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༨༠ན
[A:༨༠ན] འཛིན་པ་མང་པོ་དང། འཚུར་ཕུ་བ་གྲུབ་ཐོབ་དབུ་སེ། ཞང་ཚལ་པ། ཆོོས་རྗེ་ཕག་མོ་གྲུ་པ་ལ་སོགས་པ་མཁས་གྲུབ་དུ་མ་སྨིན་པར་མཛད་པའི་ནང་ནས་རྩགས་དབང་ཕྱུག་སེང་གེས་གདན་ས་ལོ་ལྔ་དེ་གཉིས་ཀྱི་སློབ་མ་གཉལ་པ་དད་པ་བཟང་པོས་ལོ་བདུན། འཇམ་ཙེ་ནེས་ལོ་བདུན་བྱས། འདི་ནས་གླིང་སྟོད་སྨད་གཉིས་སུ་གྱེས་པར་འདོད་དོ། སྨད་པ་ལ་བཟད་པ་དར་མ་འོད་དང། བཟད་པ་དོན་གྲུབ་གཉིས་ཀྱིས་ལོ་སུམ་བཅུ་མཛད། དེ་ནས་སློབ་དཔོན་འོད་ཟེར་མགོན་པོས་ལོ་སུམ་བཅུ་རྩ་ལྔ་གདན་ས་མཛད་པ་ལ། སློབ་མ་སློབ་དཔོན་ཤཱཀ་གཞོན། དོན་གྲུབ་དཔལ། མཁའ་རག་པ་ལ་སོགས་པ་བྱོན་པའི་ཤཱཀ་གཞོན་གྱིས་གདན་ས་མཛད་དེ། དེ་ནས་རིམ་པ་ལྟར་བྱོན་ནོ། གླིང་སྟོད་པ་ནི། འཇམ་ཙེ་ནེའི་སློབ་མ་གཙང་པ་འཇམ་སེང། དེའི་རྗེས་སུ་འཇིམ་སྟོན། ཞུ་སྟོན། བློ་གྲོས་འབར་རྣམས་རིམ་པར་བྱོན། དེ་ནས་སློབ་དཔོན་གཉལ་ཞིག་འོན་བྱང་རྡོ་ནས་སྤྱན་དྲངས་ཏེ། གདན་ས་ལོ་བཅུ་བཅོ་བརྒྱད་མཛད་ཅིང། སློབ་མ་བུ་དགུར་གྲགས་པ་ནི། བཟད་རིངས། ཕུ་དང་དར་དཀོན། གཙང་པ་གྲུ་གུ་རྣམས་ལ་སྔ་ཚར་གསུམ། འུ་ཡུག་པ་བསོད་ནམས་སེང་གེ། བོ་དོང་རིན་ཆེན་སེང་གེ། སློབ་དཔོན་ཇོ་ནམ་གསུམ་ལ་བར་ཚར་གསུམ། རྒྱ་འཆིང། འཇམ་གསར། སྐྱེལ་ནག་གསུམ་ལ་ཕྱི་ཚར་གསུམ་ཟེར་རོ། དེ་ལྟར་སློབ་མ་མང་ཡང་། གདན་ས་རྒྱལ་པ་སོ་སྟོན་གྱིས་བྱས། དེ་ནས་རྒྱ་འཆིང་རྒྱུ་བ་བདེ་བ་ཅན་ནས་སྤྱན་དྲངས་ཏེ་གདན་ས་མཛད། དེ་ནས་ཆུ་མིག་པ་སེང་གེ་དཔལ་གྱིས་གདན་ས་ལོ་བཅུ་བཅོ་བརྒྱད་མཛད། དེ་ནས་ད་ལྟའི་བར་ལ་གདན་ས་མ་ཆད་པར་བྱོན་པའོ། ལོ་ཙཱ་བའི་བུ་ཆེན་ཁྱུང་རིན་ཆེན་གྲགས་ཀྱི་སློབ་མ་སྟོད་ལུངས་རྒྱ་དམར། སྟག་པ་ཁ་ཆེ་སོགས་ལས་བརྒྱུད་པ་ཉང་སྟོད་