R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༨བ
[A:༨བ]མུན་རྣམས་འཇོམས་པར་མཛད། གང་གིས་གཉིས་མེད་ཡེ་ཤེས་གསུང་མདའི་ཚོགས། ལྷ་དང་བཅས་པའི་གདུལ་བྱའི་འཇིག་རྟེན་ལ། ཁམས་གསུམ་དག་ཏུ་རྒྱལ་ཐེེབས་ལེགས་མཛད་པས། སྲིད་པའི་དགྲ་སྡེ་མ་ལུས་འཇོམས་མཛད་པ། ཀླུ་སྒྲུབ་དེ་ལ་ཕྱག་འཚལ་ནས་ནི་དེའི། ཞེས་གསུངས་སོ། དེ་ནས་ལི་ཁ་ར་ཤིང་འཕེལ་དུ་ཡང་གསེར་འགྱུར་བྱས་ཏེ་སྦྱིན་པ་རྒྱ་ཆེན་པོ་མཛད། དེའི་ཚེ་བྲམ་ཟེ་རྒན་རྒོན་གཉིས་ལ་གསེར་མང་པོ་གནང་བས་དད་དེ། རྒན་པོས་ཉེ་གནས་བྱས། ཆོས་བསྟན་པས། སློབ་དཔོན་ཀླུའི་བྱང་ཆུབ་ཅེས་མཆོག་བརྙེས་པར་གྱུར་ཏོ། དེ་ནས་ཤར་ཕྱོགས་ཊ་ཝེ་ས་དང། ཡུལ་ར་དྷར་ཡང་བྱོན་ནས། ལྷ་ཁང་མང་པོ་བཞེངས། དེ་ནས་སེང་ལྡེང་གི་ནགས་དྲི་ལྷན་གྱི་འདབས་སུ་བྱོན་ནས། དྲིལ་བུ་ལྟ་བུའི་བྲག་གསེར་དུ་བསྒྱུར་བར་བརྩམ་རྩོམ་ཚེ་མ་ཧེ་འཚོ་བའི་བྱིས་པ་གཅིག་ནགས་ཀྱི་ནང་དུ་ཕྱིན་པ་ན། དེ་ན་རྒན་མོ་གཅིག་སྣང་བ་ན་རེ། ཁྱོད་ཀྱིས་བཙུན་པ་མ་ཀི་ཚོའི་ནང་ན་ཀླུ་སྒྲུབ་བྱ་བ་ཡོད་ཀྱི་དེ་ལ་ཁྱོད་རང་གི་མ་རྒན་མོ་ན་རེ་རེ་ཤིག་འདིར་ཤོག་གྱིས་གིས་དང་ཟེར། ཕྱིན་པས་གང་ཡིན་ངོ་མ་ཤེས། སླར་ལོག་འོངས་པས་ཏ་ལའི་ལོ་མ་གཟུང་ནས་ཁ་ཏ་བྱེད་པ་དེ་ཡིན། ཆོས་གོས་ཀྱི་རྒྱབ་ན་ཡི་གེ་ཨ་གཅིག་ཀྱང་ཡོད་གསུང་གསུངས་། དེར་དེ་ལ་དེ་སྐད་བྱས་པས། ཀླུ་སྒྲུབ་ཀྱིས་བྱོན་པའི་ཚེ། དེ་སྒྲོལ་མ་ལྷ་ལྔར་ཞལ་གཟིགས། དེའི་ཞལ་ནས། ཁྱོད་ཀྱིས་གསེར་འགྱུར་གྱིས་སེམས་ཅན་གྱི་དོན་བྱས་པ་ཡང་བཟང་སྟེ། དེ་བས་ཀྱང་མཆོག་བསྒྲུབས་ན་
སེམས་ཅན་གྱི་
དོན་ཆེན་པོ་དེ་ལས་འབྱུང་བས། དཔལ་གྱི་རི་ལ་སྒྲུབ་པ་གྱིས་ཤིག་གསུང་གསུངས་སྟེ་མི་སྣང་བར་གྱུར། དེར་དེའི་སྒྲུབ་ཐབས་ཀྱང་མཛད་དོ། དེ་ནས་སྒྲ་མི་སྙན་དུ་གཤེགས་