R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༩ན
[A:༩ན] པའི་ལམ་དུ་གྲོང་ཁྱེར་ས་ལ་མ་ན་ན་བྱིས་པ་ར་ཛི་ཏ་ཀའི་ལག་བྲིས་ལས་རྒྱལ་པོར་ལུང་བསྟན་ཏེ། སྒྲ་མི་སྙན་དུ་བྱོན། ན་བཟའ་ཤིང་ལ་བཀལ་ནས་ཁྲུས་མཛད་པས། གོས་དེ་གཞན་གྱིས་ཁྱེར་བ་ལ་ངའི་ཡིན་བྱས་པས་ང་བདག་ཅན་ཟེར་ནས་གཏད་སྐད། དེར་སྒྲ་མི་སྙན་པའི་དོན་བྱས་ཏེ་བྱོན། དཔལ་གྱི་རི་ལ་གཤེགས་པར་དགོངས་ནས། བྲམ་ཟེ་ཆེན་པོའི་དྲུང་དུ་ཕྱག་རྟེན་ལ་བདུད་རྩི་བུམ་པ་གང་ཁྱེར་ནས་བྱོན་པའི་ལམ་དུ་སྔར་ལུང་བསྟན་པའི་བྱིས་པ་དེ་རྒྱལ་པོ་བདེ་སྤྱོད་བཟང་པོ་ཞེས་པར་གྱུར་ཏེ། དེས་བདག་གི་མཆོད་གནས་སུ་མ་མཐའང་ལོ་གསུམ་བཞུགས་པར་ཞུ་ཟེར་ནས་གཏོང་དུ་མ་ཉན་ཏེ། ལོ་གསུམ་བཞུགས་ནས་རྒྱལ་པོ་ཡབ་ཡུམ་གྱི་དོན་མཛད། དེ་ནས་དཔལ་གྱི་རི་ལ་བྱོན། བྲམ་ཟེ་ཆེན་པོ་ལ་བདུད་རྩིའི་བུམ་པ་ཕུལ་བས། ཁྱེད་བདུད་རྩི་ལ་དགའ་ན་ངས་རྒྱ་མཚོ་འདི་ཡང་བདུད་རྩིར་བསྒྱུར་པར་བྱའོ་གསུང་གསུངས་ནས། སྐད་ཅིག་གིས་རྒྱ་མཚོ་ཡོང་ཡོངས་བདུད་རྩིར་བྱས་སོ། དེ་ནས་སློབ་དཔོན་ཡབ་སྲས་དཔལ་གྱི་རི་ལ་སྒྲུབ་པ་མཛད་པས། སློབ་དཔོན་གྱིས་བདེན་པ་མངོན་སུམ་དུ་གཟིགས། ཚད་མའི་སྐྱེས་བུར་གྱུར་ནས། ཛམ་འཛམ་བུའི་གླིང་དུ་སེང་གེའི་སྒྲ་ལན་གསུམ་དུ་བསྒྲགས་ཏེ། ཟབ་པ་ལྟ་བའི་གཞུང། རྒྱ་ཆེ་བ་སྤྱོད་པའི་གཞུང། ཉམས་སུ་ལེན་པ་མང་ངག་གི་གཞུང་དང་གསུམ་མཛད། ཟབ་པ་ལྟ་བའི་གཞུང་ལ། མཐའ་བྲལ་གྱི་ལྟ་བ་གཙོ་བོར་རིགས་པས་གཏན་ལ་འབེབས་པ་རྩ་བ་ཤེས་རབ་ལ་སོགས་པ་རིགས་པའི་ཚོགས་དྲུག། ལུང་དང་དོན་སྟོན་པར་བྱེད་པ་སྐུ་གསུམ་ལ་བསྟོད་པ་ལ་སོགས་པ་བསྟོད་པའི་ཚོགས། ལུང་རིགས་ཆ་མཉམ་གྱིས་གཏན་ལ་འབེབས་པ་རིན་ཆེན་ཕྲེང་བ་ལ་སོགས་པ་གཏམ་གྱི་ཚོགས་མཛད་དོ། རྒྱ་ཆེ་བ་སྤྱོད་པའི་གཞུང་ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལུང་གི་སྒོ་ནས་སྟོན་པ་མདོ་ཀུན་ལས་བཏུས་པ་སོགས་དང།