R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༩༠ན
[A:༩༠ན] ཉི་ཤུ་ཙམ་དང། སྒྲོལ་མའི་སྐོར་ལ། ཇོ་བོ་རྒྱ་གར་ནས་བོད་དུ་འབྱོན་ཁར། རྡོ་རྗེ་གདན་ལ་སྐོར་བ་མཛད་པའི་དུས། སྒྲོལ་མ་ཉིད་ཀྱིས་གསུངས་པའི་བསྟོད་པ་ཤོ་ལོ་ཀ་ཉེར་གཅིག་དང་སྦྱར་བའི་སྒྲུབ་ཐབས། ལས་ཚོགས་རྣམས་དང། སྒྲོལ་མ་དཀར་མོ་ལ་ཇོ་བོའི་གཞུང་དང་རྗེས་སུ་འབྲེལ་བ། ངག་དབང་གྲགས་པ་དང། གསེར་གླིང་པ་ནས་བརྒྱུད་པའི་ཚེ་ཁྲིད། ལས་ཚོོགས་མང་པོ་དང་བཅས་པ། མི་གཡོ་བ་སྔོན་པོ་ལ། ཇོ་བོའི་གཞུང་དང། དཔལ་ལྡན་དགོན་པ་བས་བུར་གྱི་ཉ་ག་མོར་སྒོམ་མཛད་ཀྱི་བཞུགས་པ་ལ། བར་ཆད་ཀྱི་མཚན་མ་བྱུང་བ་ཇོ་བོ་ལ་ཞུས་པས། ང་ལ་རྣལ་འབྱོར་བསྲུང་བའི་མན་ངག་ཡོད་གསུང་ནས། མི་གཡོ་བའི་དམིགས་པ་སྐོར་གསུམ་དང། སྒྲུབ་ཡིག་ཆེ་ཆུང། རྒྱུད་མན་ངག་དང་བཅས་པ་རྫོགས་པར་གནང། ཁ་གཅིག་སྒྲུབ་ཡིག་ཆེ་བ། བྱ་རྒྱུད་ཀྱི་ནང་གི་མི་གཡོ་བའི་རྒྱུད་ལ་ལེའུ་དང་ལས་ཚོགས་མང་དུ་ཡོད་པ་འདིི་ཡིན་ཞེས་ཟེར། སྒྲུབ་ཡིག་བར་པ་སོགས། མན་ངག་རྣམས་དགོན་པ་བ་ནས་སྣེའུ་ཟུར་པ་ལ་བརྒྱུད་པ་དང། བྱ་ཡུལ་བ་ནས་བརྒྱུད་པ་གཉིས། དགྱེར་སྒོམ་ལ་བཞུགས་པ་སངས་རྒྱས་དབོན་ལ་གནང། དེའི་གསུང་ལ་རྟོགས་ལྡན་བཟང་མོ་བས་ཟིན་བྲིས་སུ་བཏབ་པ་ད་ལྟ་ཡོད་པ་འདིའོ། མི་གཡོ་བ་བླ་མེད་ཀྱི་རྒྱུད། ཕྱིས་ཤུར་ཀེ་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་ཅིང། དབང་རྒྱུད་དང་བཅས་པ་བྱུང་ངོ། གཞན་ཡང་ཚོགས་བདག་དཀར་པོ་ལ། གསེར་གླིང་པ། ནཱ་རོ་པ། ཁ་ཆེ་རིན་ཆེན་རྡོ་རྗེ་རྣམས་ཀྱི་རྒྱ་གཞུང་རེ་ཇོ་བོས་མཛད་པ་གཉིས་དང་ལྔ། ཚོགས་བདག་གི་སྐྱེས་རབས། གཟུངས་རིངས། ཕྱི་སྒྲུབ། ནང་སྒྲུབ། གསང་སྒྲུབ་ཀྱི་སྐོར་གསེར་གླིང་པས་ཇོ་བོ་ལ་གནང་བ་དང། གཞན་ཡང་ལས་ཚོགས་ལེའུ་བཅུ་བཅོ་