R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༩༠བ
[A:༩༠བ] ལྔ་པ་དང། ལེའུ་སུམ་བཅུ་རྩ་གཅིག་པ་རྣམས། ཇོ་བོས་རྣལ་འབྱོར་པ། དེས་སྤྱན་སྔ་བ། དེས་བྱ་ཡུལ་བ་ལ་བརྒྱུད་པའོ། ཚོགས་བདག་དཀར་པོ་འདི་འཇིག་རྟེན་པའི་ཚུལ་བསྟན་ཀྱང། ཁ་གཅིག་སྤྱན་རས་གཟིགས་ཀྱི་སྤྲུལ་པར་བཞེད། བཀའ་བརྒྱུད་འདིའི་ལུགས་ཀྱི་བདུད་རྩི་འཁྱིལ་པའི་སྤྲུལ་པར་བཞེད་དེ་མི་འགལ་ལོ། ཡང་ཛམ་བྷ་ལ་དཀར་པོ་འབྲུག་ཞོན་ལྷ་མོ་བཞིས་བསྐོར་བ་ནི། ཇོ་བོས་རི་བོ་པོ་ཏ་ལའི་འགྲམ་དུ་བྱོན་པའི་དུས། སྤྱན་རས་གཟིགས་ཀྱིས་ཞལ་དངོས་སུ་བསྟན་ནས་གནང་ཏེ། ཕྱི་ནང་གསང་གསུམ་གྱི་ལས་ཚོགས་དང། ཆུ་སྦྱིན་བྱ་ཐབས་སོགས་དང། རྨེ་བརྩེགས་ལྗང་ཁུའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་དང། གཙུག་ཏོར་དྲི་མེད། གཙུག་ཏོར་གདུགས་དཀར་གྱི་རྗེས་གནང་ལ་སོགས་པ་ཇོ་བོ་ནས་བརྒྱུད་པ་ད་ལྟ་མ་ཆད་པར་བཞུགས་སོ། ཇོ་བོ་ནས་བརྒྱུད་པའི་དབང་བརྒྱུད་ཡོད་པ་ལ། བདེ་མཆོག་ལུ་ཡི་པ། བདེ་མཆོག་བཅུ་གསུམ་མ། གསང་འདུས་འཕགས་ལུགས། ཡེ་ཤེས་ཞབས་ལུགས། ཇོ་བོ་ཉིད་ཀྱི་གསང་འདུས་འཇིག་རྟེན་དབང་ཕྱུག། མ་ཧཱ་མ་ཡཱ། མི་འཁྲུགས་པ། ཡོ་ག་གཙུག་དགུ། ཀུན་རིག་ཇོ་བོ་ལུགས། སྒུར་པ་རྣམས་དེ་ལས་བརྒྱུད་ཅིང་ཕྱག་ལེན་མཛད་པས་སྒུར་ལུགས་སུ་གྲགས་པ་དང། རྡོ་རྗེ་ཕག་མོ་རིན་ཆེན་རྒྱན་དང། སྤྱན་རས་གཟིགས་ལྷ་མངས་སུ་གྲགས་པ། ཀླུ་སྒྲུབ་དང་ཇོ་བོ་ཉིད་ཀྱིས་མཛད་པའི་གཞུང་དང་རྗེས་སུ་འབྲེལ་བའི་དབང་བཀའ་ལ་སོགས་པ་ད་ལྟ་བཞུགས་པ་མང་དུ་སྣང་ངོ། ཆོས་སྐྱོང་སྐོར་ལ། བཀའ་གདམས་པ་སྤྱི་ལ་གྲགས་པ། མགོན་པོ་གྲི་གུག་ལ་གཙོ་རྐྱང། ལྷ་གསུམ། ལྷ་བཞི། ལྷ་ལྔ། ལྷ་མངས་སོགས་ལུགས་མང་དུ་འདུག་པ་རྣམས་ལ། མགོན་པོའི་རྒྱུད་འགའ་རེ་དང། རྒྱ་གཞུང་ཆེ་ཆུང་བཅུ་བཅོ་ལྔ་ཙམ་སྣང་བའི་