R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༢ན
[A:༢ན]བཤད་ལ་ཡིད་ཆེས་དགའ་བར་མཛོད། བཅོམ་ལྡན་འདས་ཐུབ་པའི་དབང་པོ་འདི་ཉིད་ཀྱིས་བསྐལ་པ་གྲངས་མེད་པའི་སྔོན་རོལ་ནས་ཚོགས་གཉིས་ཀྱིི་མཛད་པ་རྨད་དུ་བྱུང་བ་དུ་མ་ཞིག་གིས་གདུལ་བྱའི་དོན་དུ་བསྒྲུབས་པའི་འབྲས་བུ་ནི་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་པའི་སངས་རྒྱས་ཁོ་ན་ཡིན་ལ། དེའི་བསྟན་པ་རྗོད་བྱེད་ལུང་སྡེ་སྣོད་གསུམ་དང། བརྗོད་བྱ་བསླབ་པ་རིན་པོ་ཆེ་གསུམ་ནི་ཐར་འདོད་རྣམས་ཀྱི་ཕན་བདེའི་འཇུག་ངོགས་ཁོ་ནར་གྱུར་པས། དེ་བཤད་སྒྲུབ་ཀྱིས་འཛིན་པའི་སྐྱེས་ཆེན་རྒྱ་བོད་དུ་ཇི་ལྟར་བྱོན་པའི་ཚུལ་རྣམས་འདིར་བཤད་པར་བྱ་བའི་དོན་ཏོ་ནོ་། འདི་ལ་དྲུག།སྟོན་པ་སངས་རྒྱས་ཀྱི་བྱོན་ཚུལ། དེའི་བཀའ་ཇི་ལྟར་བསྡུས་པ། བསྟན་འཛིན་ཤིང་རྟའི་སྲོལ་འབྱེད་བྱོན་ཚུལ། སྲོལ་འཛིན་ཨ་ཏི་ཤའི་རྣམ་ཐར། དེའི་རྗེས་སུ་སློབ་པའི་བཤེས་གཉེན་བྱོན་ཚུལ། དེ་རྣམས་ཀྱིས་བསྟན་བཅོས་ཇི་ལྟར་མཛད་པའོ། དང་པོ་ལ། ཐེག་པ་མཐོ་དམན་གྱི་གདུལ་བྱའི་དབང་གིས་མི་འདྲ་བའི་ཁྱད་པར་མང་དུ་གསུངས་ཀྱང་རྒྱས་པར་མ་སྤྲོས་ལ། འདིར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་གསུངས་པའི་དབང་དུ་བྱས་ན། དང་པོ་ཐུགས་བསྐྱེད་ཚུལ་ནི། སྙིང་རྗེ་པད་དཀར་ལས། བྲམ་ཟེ་རྒྱ་མཚོའི་རྡུལ་དུ་གྱུར་པའི་ཚེ། སངས་རྒྱས་རིན་ཆེན་སྙིང་པོ་ཆེའི་དྲུང་དུ་དང་པོར་ཐུགས་བསྐྱེད་པར་གསུངས། བསྐལ་བཟང་ནས། ང་ནི་སྔོན་ཚེ་དམན་པར་གྱུར་པ་ན། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་དེ་ལ། འཇམ་གང་ཞིག་ནི་དབུལ་བ་བྱས་ནས་ཀྱང། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། ཅེས་དང། དྲིན་ལན་གསབ་པ་ལས་ཀྱང། སྟོན་པ་སྔོན་ལས་ཀྱི་ནུས་པས་དམྱལ་བར་འཁྲུངས་པའི་ཚེ་