R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༢༩ན
[A:༢༩ན] དགོས་དུས་སླེབ་པ་བྱ་བ་ཡུན་དུ་འགྲོགས་པ་ལ་དགོས་པ་ཡིན། རིམ་གྱིས་ཤེས་པར་འགྱུར་གསུང། དེ་མ་ཐག་གྲུ་སྒྲོལ་བ་དང། ད་ནམ་ཕྱེད་དུ་སོང་དུག་སྦྲུལ་དང་ཆོམ་རྐུན་གྱི་འཇིགས་པ་འོང་བས་དེ་ནུབ་བི་གསུམ་མ་ལའི་སྒོ་སྤེའི་འོག་ཏུ་ཉོལ་གསུང་ནས་གཞན་དུ་སོང། དེར་སླེབ་པ་ན། རྒྱ་བརྩོན་འགྲུས་སེང་གེ་སྒོ་ཁང་སྟེང་ན་བཞུགས་པས་གསན་ཏེ། ཁྱེད་རྣམས་གང་ནས་འོངས་གསུང། ངེད་མངའ་རིས་སྟོད་ནས་ཡིན་ཞུས་པས། འདོན་སྒོ་བ་བྱིས་པ་ཅིག་ཡོད་པ་དེ་ལ་ཁྱེད་རང་གི་ནོར་རྣམས་ཆོལ་ལ་དེར་གཟིམས་གསུང། དེ་ནས་བྱིས་པ་ལ་གསེར་རྣམས་བཅོལ་བས། བློ་གཏད་ཐུབ་པ་གྲོགས་ཀྱི་མཆོག་བྱ་བ་ཡིན། ཁྱེད་རང་རྣམས་བག་ཕེལ་པར་གཟིམས་ཟེར། ནང་པར་སྒོ་ཕྱེ་མ་ཐག་བྱིས་པ་གཞོན་ནུ་ཅིག་གིས། བོད་ཀྱི་སྐད་དུ་ཁྱེད་རྣམས་གང་ནས་བྱོན། ལམ་ལ་འཇིགས་པ་མི་འདུག་གམ་ཟེར་བས། ངེད་མངའ་རིས་ནས་འོངས། ལམ་འཇམ་པར་བྱུང། ཁྱེད་སུ་ཡིན་བྱས་པས་ང་ཡང་བོད་ཅིིག་ཡིན། ངེད་རང་བོད་འདི་ཁ་མང་ལ་གཏིང་ལྷོད། གཏམ་ཁམ་ཆེན་སྦེད་མི་ཤེས། བྱ་བ་གལ་ཆེན་གསངས་ནས་བསྒྲུབ་དགོས་པ་ཡིན། རྒྱ་བརྩོན་སེང་བོད་ཀྱི་སྤྱི་ཁང་ན་ཡོད། དེར་སོང་ཟེར་ནས་ཁོ་ཡུད་ཀྱིས་སོང། དེ་ནས་སྲང་རིང་པོ་གཅིག་ལ་ཕྱིན་ཙ་ན། དྲང་སྲོང་རྒན་པོ་ཆུ་ཤིང་གི་མཁར་བ་ཐོགས་པ་གཅིག་དང་འཕྲད་པས། དེ་ན་རེ། ཁྱོད་གང་ནས་འོངས། གང་དུ་འགྲོ། དོན་ཅི་ལ་འོངས་ཟེར་བས ངེད་བོད་མངའ་རིས་ནས། ཨ་ཏི་ཤ་སྤྱན་འདྲེན་དུ་འོངས་པ་ཡིན། རྒྱ་བརྩོན་སེང་གི་ཁང་པ་གང་ན་ཡོད་བྱས་པས། ཁོ་མཁར་བ་ལ་བརྟེན་ནས་ཕྱི་མིག་གཅུ་བ་ཞིག་བྱས། ད་ནང་གི་བྱིས་པ་རེ་བདེན། བོད་ཀྱི་མི་ལ་ཨོལ་མདུད་མེད་པས། སྲང་ནང་གི་མི་འཁྱམས་པོ་ཚུན་ལ་ཡིན་