R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༣༣བ
[A:༣༣བ] བརྟན་རཏྣཱ་ཨ་ཀ་ར་ལ། བོད་འདི་རྣམས་ལ་གནས་ཆེན་རྣམས་ཀྱི་གཙུག་ལག་ཁང་སྟོན་པ་དང། མཆོད་པ་རེ་སྐྱེལ་དུ་འགྲོ་བས་བདེ་བར་བཞུགས་པ་ཞུ་གསུངས་པས། གནས་བརྟན་གྱི་ཞལ་ནས་དེ་ལྟར་ལེགས། ངེད་ཀྱང་རྗེས་སུ་འཇུག་པར་ཞུ་ཟེར་ནས། གནས་ཆེན་མང་དུ་བྱོན་པའི་རྗེས་སུ་གནས་བརྟན་ཆེན་པོ་ངེད་མི་ཏྲའི་གཙུག་ལག་ཁང་དུ་འགྲོ་བས། ཁྱེད་བཤུལ་ཐག་རིང་པོ་ལ་འོ་རྒྱལ་གསུངས་པས། གནས་བརྟན་གྱི་ཐུགས་ལ་ད་བོད་དུ་འབྱོན་པར་སྣང་སྙམ་ནས། ནག་ཚོ་ལ་ཚེ་དང་ལྡན་པ་ཁྱོད་སློབ་གཉེར་ལ་འོངས་ཟེར་ནས། ངའི་པཎྜི་ཏ་བརྐུར་འོངས་པར་སྣང། འོན་ཀྱང་བོད་ཀྱི་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་དེ་ལ་སེམས་བརྩེ་ཞིང། དེའི་མི་ནོར་མང་པོ་ཆུད་ཟོས་པ་དང། ཁྱོད་ཀྱང་ངའི་སློབ་མ་ཡིན་པས་ལོ་གསུམ་སྤྱན་དྲོངས། དེ་ནས་ཚུར་སྤྱན་མ་དྲངས་ན། རྒྱ་གར་ཡང་བསྟན་པ་ནུབ་པ་ཙམ་དུ་འགྲོ་བ་ཡོད་གསུངས་བས། ནག་ཚོས་ཀྱང་ཁས་བླངས། དེར་ཇོ་བོའི་ཞལ་ནས། གསེར་རྣམས་ཁྱེར་ལ་ཤོག་གསུང་ནས། ཆ་བཞིར་བགོས་ཏེ་བླ་མ་རྣམས་དང། དགེ་འདུན་སྤྱི་དང། བི་ཀྲ་མའི་རྒྱལ་པོ་དང། གཙུག་ལག་ཁང་རྣམས་ལ་བསྔོས། གཏད་གཉེར་ཐམས་ཅད་གནས་བརྟན་
རཏྣཱ་
ཨ་ཀ་ར་ལ་མཛད་དེ་ཕྱིར་ལྡོག་གོ། དེ་ཡང་ཇོ་བོ་དགུང་ལོ་ང་བདུན་བཞེས་པ་སྟག་གི་ལོ་ལ་རྒྱ་གར་ནས་བཏེག། ཁ་གཅིག་ང་དགུ་བཞེས་པའི་ལྕགས་ཕོ་འབྲུག་ལ་བཏེག་པ་དང། ཁ་གཅིག་དགུང་ལོ་རེ་གཅིག་ལ་བཏེག་པར་འདོད་དེ། སྔ་མ་འཐད་པར་སེམ་མོ། དེ་ནས་
ཇོ་བོ་
དཔོན་སློབ་མི་ཏྲའི་གཙུག་ལག་ཁང་ནས་རྒྱ་གར་གྱི་སའི་མཐ༷འ་ལ་བྱོན་པ་ན། མུ་སྟེགས་ཀྱི་གཅེར་བུ་པ་བཅུ་བཅོ་བརྒྱད་ཙམ་རྫུ་འཕྲུལ་གྱིས་ང་རྒྱལ་བ། བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་བ་ལ་ཕྲ་དོག་གིས་དེར་རྫུ་འཕྲུལ་གྱིས་ལྷགས་ནས་