[A:༣༦བ] ལྔ་ཙམ། མཚོ་མ་ཕམ་པའི་འགྲམ་ན་བཞུགས་ནས་སྐྱེ་བོའི་ཚོགས་དཔག་ཏུ་མེད་པའི་དོན་མཛད་དེ། རིང་པོར་མི་ཐོགས་པར་ཡར་གླིང་གསེར་གྱི་ལྷ་ཁང་དུ་ཕེབས་པར་ཡོད་པས། ཐུགས་དགྱེས་པར་ཞུ་ཞེས་ཞུས་པས། ལྷ་བཙུན་
ཆེན་
པོ་དགྱེས་པའི་མཐར་ཐུག་ནས། ངས་དད་གུས་མ་ལོག་པར་གསོལ་བ་རྒྱུན་དུ་བཏབ་ནས་ཡུན་རིང་སོང་སྟེ། ད་ཨ་ཏི་ཤ་དང་མཇལ་བ་ཡིན། མདང་རྨི་ལམ་ན་ནུབ་ཕྱོགས་ནས་ཉི་མའི་དཀྱིལ་འཁོར་ཅིག་ཤར་བྱུང་བ་དང། ཤར་ཕྱོགས་ནས་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ཅིག་ཤར་བྱུང་བ་ལྷན་ཅིག་ཏུ་འཚོགས་པས། སྤྲིན་དང་ཁུ་རྡུལ་ཐམས་ཅད་རང་སར་དེངས། སྐར་ཚོགས་གྲ་མ་ཉམས་པར་འདུད་པ་རྨིས་པས། ཟླ་བ་དེ་ང་ཡིན་ནམ་སྙམ་
ཡང་། ཤར་ཕྱོགས་ནས་བྱུང་བ་གང་ཡིན་ཀྱང་དེས་གོ་ཆོད་པར་སྣང། རྨི་ལྟས་ཤིན་དུ་བཟང་གསུང། དེ་ནས་ལྷ་བཙུན་པས་ཡང་གླིང་གསེར་གྱི་ལྷ་ཁང་དུ་རྟ་པ་གཏང་སྟེ། ལམ་པོ་ཆེ་དང། གནས་ཐམས་ཅད་ལ་བྱི་དོར་དང། དར་ཟབ་ཀྱིས་བརྒྱན་ཏེ། སྐུ་གསུང་ཐུགས་ཀྱི་རྟེན་དང། མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་བཤོམ་དུ་བཅུག། གཞན་ཡང་ཕྱོགས་ཀུན་དུ་ཕོ་ཉ་གཏང་སྟེ། ཇོ་བོ་ལ་བསུ་བའི་ཕྱིར་དུ་སྐྱེ་བོའི་ཚོགས་དང། སྡེ་དགོན་གྱི་རབ་ཏུ་བྱུང་བ་ཐམས་ཅད་བསྡུས་པས། ལྷ་བཙུན་པ་ཁུ་དབོན་གྱིས་དཀའ་སྤྱད་དེ་ཙམ་བྱས་པའི་པཎྜི་ཏ་དེ་ཡ་མཚན་པ་ཅི་འདྲ་ཞིག་སྣང་བ་བལྟའོ་ཟེར་ནས་ལམ་རིང་ཐུང་ཐམས་ཅད་དུ་སྐྱེ་བོའི་ཚོགས་ཆེན་པོ་འདུས། ལྷ་བཙུན་པས་ཀྱང་འཁོར་རྟ་པ་དྲུག་བརྒྱ་དང་ལྷན་ཅིག་ཏུ་བྱོན་ནས་ཇོ་བོ་དཔོན་སློབ་སྤྱན་དྲངས། དེར་ཐམས་ཅད་ཀྱིས་ཇོ་བོ་ལ་བལྟས་པ་ན། པཎྜི་ཏ་དང། གུང་ཐང་པ་ལ་སོགས་སྡེ་སྣོད་འཛིན་པ་དང། བལ་པོའི་རྒྱལ་པོ་ལ་སོགས་པའི་དབུས་ན། མཚན་དང་དཔེ་བྱད་