[A:༣༧ན] ཀྱིས་བརྒྱན་པ་ལྷ་མེར་བཞུགས་པ་མཐོང་བས། སྐྱབས་སུ་མཆིའོ་ཞེས་པ་དང། ད་ནི་འཇིག་རྟེན་གྱི་མགོན་པོ་བོད་དུ་བྱོན་ནོ། བདག་ཅག་བོད་ཀྱི་སེམས་ཅན་རྣམས་ལ་ཐུགས་རྗེས་གཟིགས་ཤིག་ཅེས་དད་པ་ཕྱོགས་གཅིག་ཏུ་འུར་བ་དང། ལྷ་བཙུན་པས་ཀྱང་ཇོ་བོ་ལ། བླ་མ་རྗེ་བཙུན་ཆེན་པོའི་ཞལ་སྔ་ནས། རྒྱ་གར་ཡུལ་ནས་བོད་ཀྱི་ཡུལ་དུ་བྱོན། བཤུལ་ཐག་རིངས་པས་སྐུ་ཉོན་མ་མོངས་སམ། འདུ་བ་རྣམ་བཞིའི་སྐུ་སྙུན་མི་མངའ་འམ། སྐུ་ཁམས་བདེ་འམ་དགྱེས་པར་སྤྱོད་ལགས་སམ། སྐུ་གསུང་ཐུགས་ལ་གནོད་པ་མི་མངའ་འམ། ཞེས་གསོལ་ཏེ། བདག་ཅག་བོད་ཀྱི་སྐྱེ་བོ་ཕལ་ཆེར་ནི། བླ་མ་དང་བྲལ་རང་གར་སྨྲ་བ་སྟེ། ཀླ་ཀློའི་སྤྱོད་པ་མ་རུངས་སྤྱོད་པ་རྣམས། ཨ་ཏི་ཤ་ཡིས་བཟོད་པ་མཛད་དུ་གསོལ། ཞེས་བོད་སྤྱིའི་བཟོད་གསོལ་དང་། དེ་ནས་ལོ་ཙཱ་བ་ལ་རྗེ་སློབ་དཔོན་ཚུལ་ཁྲིམས་རྒྱལ་བའི་སྤྱན་སྔ་ནས། རེ་བ་ཆེ་བས་བདག་གིས་ཐུགས་དམ་ཞུས། ཐུགས་ལ་བཏགས་ནས་རྒྱ་གར་ཡུལ་དུ་བྱོན། དཀའ་བ་མང་པོ་སྤྱད་པ་བཟོད་པར་གསོལ། དེ་ནས་ཇོ་བོས་བོད་དུ་འགྲོ་དོན་འབྱུང་བར་སྨོན་ལམ་བཏབ་པ། ཨེ་མ་ཧོ་དགེ་སློང་བྱང་ཆུབ་འོད་བདག་གིས། རྟག་ཏུ་བསམས་པའི་བླ་མ་སྤྱན་འདྲོངས་དྲོངས་པས། བོད་ཀྱི་ཡུལ་དུ་སྐྱེས་བུ་དམ་པ་འདིའི། གཞུང་ལུགས་ཤིན་དུ་དར་ཞིང་རྒྱས་པར་ཤོག། ཅེས་ཞུས་པས། ཇོ་བོ་མཉེས་ནས། བོད་ཀྱི་སེམས་ཅན་རྣམས་ཁོ་བོ་ལ་འདི་ལྟར་དད་པ་ཆེ་བ། ཕན་བདེའི་འབྱུང་གནས་དཀོན་མཆོག་གསུམ། ངའི་གདུལ་
བྱ་
ཐེག་པ་ཆེན་པོའི་རིགས་ཅན་འདི་རྣམས་ལ་ཐུགས་རྗེས་ཟུང་ཞིག་གསུང་ནས། ཁྲོམ་ཐམས་ཅད་ལ་གཟིགས་ཤིང་བྱིན་བརླབས་མཛད། དེ་ནས་མཐོ་ལྷིང་པདྨོའི་གླིང་དུ་ཕེབས་ནས། ཨ་ཏི་ཤས་བལ་པོའི་རྒྱལ་