[A:༤༡ན] ཇོ་བོ་རྒྱ་གར་དུ་འབྱོན་པར་བཞེད་ཀྱང། ཨུ་པཱ་ས་སི་ཀ་དང། བོད་ཀྱི་བསོད་ནམས་ཀྱི་མཐུས། སླར་ཡང་མང་ཡུལ་དུ་བྱོན་ནས། ལྷ་ཁང་ཀེ་རུ་བྱ་བ་བཞེངས། དེ་ནས་ལྷ་བཙུན་པས་དབུས་སུ་སྤྱན་དྲངས་ཏེ། ལས་སྟོད་དུ་ཕེབས། བོད་སྟོན་རྣམས་ཀྱང་དེར་བྱོན། གཙང་གི་ས་རྣམས་སུ་ས་སྐྱ་དང། སྣར་ཐང་ལ་སོགས་པའི་ལུང་བསྟན་མང་དུ་མཛད་དེ་ལོ་ཕྱེད་བཞུགས། དེ་ནས་བསམ་ཡས། ཐང་པོ་ཆེ། ལྷ་ས་རྣམས་སུ། ལྷ་བཙུན་བོ་དྷི་རཱ་ཛ། ཁུ་སྟོན། རྔོག་ལེགས་ཤེས་རྣམས་ཀྱིས་རིམ་གྱིས་སྤྱན་དྲངས་ནས། ཆོས་མང་དུ་གསུངས། གསང་ཕུ་ལ་སོགས་པ་ལུང་བསྟན། ཁྱད་པར་ལྷ་སར་ཀ་བ་བུམ་པ་ཅན་གྱི་ཉེ་འཁོར་ནས་རྒྱལ་རབས་ཀ་ཁོལ་མ་མཁའ་གྲོས་ལུང་བསྟན་ནས་བཏོན། དེ་ནས་རྟོག་བྱང་ཆུབ་འབྱུང་གནས་ཀྱིས་ཡེར་པར་སྤྱན་དྲངས། བཀའ་གདམས་གླེགས་བམ་གྱི་ཞུ་ལན་ཕལ་ཆེ་བ་རྔོག་གིས་དེར་མཛད། དེ་ནས་བང་སྟོན་གྱིས་སྙེ་ཐང་དུ་སྤྱན་དྲངས། ལོ་ངོ་དགུ་བཞུགས་པའི་དྲུག་ལ་འགྱུར་མང་པོ་དང། རྒྱུད་སྒྲུབ་ཐབས། མན་ངག་སོགས་གང་ལ་གང་འདུལ་གྱི་ཆོས་གསུངས། རིན་པོ་ཆེ་སྣ་ལྔའི་མེ་ཏོག་གི་ཆར་བབ། ལོ་གསུམ་མམ། ལོ་ངོ་བཞིར་མཁའ་འགྲོའི་དབུས་སུ་རྡོ་རྗེའི་གླུ་རྣམས་གསུངས། དེ་རྣམས་སུ་ཡང་ཡི་དམ་དཔག་ཏུ་མེད་པའི་ཞལ་གཟིགས་པ་སོགས་རྒྱས་པར་ལམ་ཡིག་ཏུ་གསལ་ལོ། མདོར་ན་གངས་རིའི་ཁྲོད་དུ་བསྟན་པ་སྔ་དར་ལ་མཁན་ཆེན་ཞི་བ་འཚོ། སློབ་དཔོན་པདྨ་སམ་བྷ་བ། སློབ་དཔོན་ཀ་མ་ལ་ཤཱི་ལ་རྣམས་བཀའ་དྲིན་ཆེས་ཤིན་དུ་ཆེ་ལ། བསྟན་པ་ཕྱི་དར་པ། ལྟ་སྤྱོད་ལོག་པར་སྨྲ་བ་འབའ་ཞིག་ཤིང་རྟ་ཆེན་པོའི་གཞུང་རྣམས་ལ་ཉམས་ལེན་གྱི་གནད་མེད་པའི་བཤད་ཆོས་སུ་བསམས་ཤིང། ཉམས་ལེན་སྙིང་པོའི་དོན་སྟོན་པའི་མན་ངག་ཟུར་དུ་མེད་པར་འདོད་པས། བཤད་