[A:༤༡བ]པ་དང་སྒྲུབ་པའི་ཆོས། དོན་ཐ་དད་དུ་འཛིན་པ་དང། སྡོམ་པ་གསུམ་འགལ་བར་བསམས་ནས་ཚུལ་ཁྲིམས་ཀྱི་བསླབ་པ་ཁྱད་དུ་གསོད་པ་དང། ལམ་ཕྱོགས་རེ་པས་ཐར་པ་ཐོབ་པར་འདོད་པ་རྣམས་འགོག་པ་ལ། དཔལ་ལྡན་ཨ་ཏི་ཤ་ཉིད་ཁ་བ་ཅན་པ་ཐམས་ཅད་ལ་བཀའ་དྲིན་ཆེ་བ་ཡིན་ཏེ། རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པ། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང། ཐོགས་མེད་གཉིས་ཀྱི་ལམ་སྲོལ། རྣམ་པ་ཐམས་ཅད་མཁྱེན་པའི་སར་འགྲོ་བའི་སྐྱེ་བོ་མཆོག་གི་ཆོས་ལུགས། སྐྱེས་བུ་གསུམ་གྱིས་ཉམས་སུ་བླང་བའི་རིམ་པ་མ་ཚང་བ་མེད་པར་བསྡུས་པ། བྱང་ཆུབ་ལམ་གྱི་སྒྲོན་མེའི་སྒོ་ནས་སྐལ་བ་དང་ལྡན་པ་རྣམས་རིམ་གྱིས་སངས་རྒྱས་ཀྱི་སར་འཁྲིད་པའི་ལམ་མ་ནོར་བ་གསལ་བར་མཛད་པས་བཀའ་དྲིན་ཆེ་བ་ཡིན་། དེ་ཡང་སྤྱིར་རྒྱལ་བའི་ལུང་གི་བསྟན་པ་ཐམས་ཅད་སྡེ་སྣོད་གསུམ་དུ་འདུ་བས། རྟོགས་པའི་བསྟན་པ་ཡང་བསླབ་པ་གསུམ་དུ་འདུ་ལ། ཚུལ་ཁྲིམས་ཀྱི་བསླབ་པ་ནི་ཏིང་ངེ་འཛིན་གྱི་བསླབ་པ་སོགས་ཡོན་ཏན་ཐམས་ཅད་ཀྱི་རྟེན་དུ་གསུངས་ཤིང། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བསླབ་པ་ནི། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ཕ་རོལ་དུ་ཕྱིན་པ་དྲུག་ལ་གཙོ་བོར་བསླབ་པ་ཐུན་མོང་བའི་ལམ་དངོས་ཡིན་ཞིང། རྡོ་རྗེ་ཐེག་པ་ཉམས་སུ་ལེན་པ་རྣམས་ཀྱིས་ཀྱང། དབང་བསྐུར་རྣམ་དག་ཐོབ་ནས་དམ་ཚིག་དང་སྡོམ་པ་བསྲུང་བ། སྐྱེད་རྫོགས་ཉམས་སུ་ལེན་པ་རྣམས་ཐབས་ཀྱི་ཆ་ནས་ཁྱད་ཆེ་བ་ཡང། བསླབ་པ་གསུམ་དུ་མ་འདུས་པ་མེད་པས། བསྟན་པ་ཐམས་ཅད་འགལ་མེད་དུ་གསལ་བར་མཛད་དོ། དེ་ལྟ་བུའི་ལམ་གྱི་རྣམ་གཞག་དང་མི་ལྡན་ན། ལམ་གྱི་གོ་རིམ། གྲངས་ངེས། ངོ་བོ་རྣམས། ཤིང་རྟ་ཆེན་པོ་རྣམས་ཀྱིས་གསུངས་པ་དང་མི་མཐུན་ཅིང། རྒྱལ་བས་གསུངས་པའི་ལམ་དུ་མི་འགྱུར་བས། འབྲས་བུ་རྫོགས་པའི་སངས་རྒྱས་ཀྱང་འབྱུང་དཀའ་བར་གསུངས་སོ། དེ་ལྟ་བུའི་བླ་མ་ཡོན་ཏན་རྒྱ་མཚོ་ལྟ་བུ་མངའ་བ་དེའི་རྣམ་ཐར་