R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༤༠བ
[A:༤༠བ] པར་ལྟ་བ་ལུང་རིགས་ཀྱིས་ཚར་བཅད། ཐེ་ཚོོམ་ཟ་བ་སྤང་བླང་གི་མིག་ཕྱེ་ནས། བསྟན་པ་ཆེས་གསལ་བར་མཛད་དོ། འདིར་སྨྲས་པ། རྒྱལ་བའི་གསུང་རབ་ཉིན་མོར་བྱེད་པ་ཡིས། ལོག་སྨྲའི་མུན་པ་མཐའ་དག་དྲུངས་ཕྱུང་ནས། ཡང་དག་ལམ་བཟང་ཆེས་ཆེར་གསལ་མཛད་པ། བསྟན་པའི་ཉི་མ་གཉིས་པ་དེང་འདིར་ཤར། དེ་ལྟར་ལྷ་བཙུན་པ་སོགས་ཀྱི་ཐུགས་དགོངས་རྫོགས་པར་མཛད་ནས། བལ་པོའི་རྒྱལ་པོར། པཎྜི་ཏ་དང་བཅས་པས་གཙུག་ལག་ཁང་བཞེངས་འཚར་བའི་ཞུ་བྱུང་སྟེ། འབྱོན་དུ་ཉེ་བ་ན། ཇོ་བོ་ཆེན་པོ་དགུང་ལོ་རེ་གཅིག་བཞེས་པའི་དུས། བླ་མ་དང་ཡི་དམ་གྱིས་ལུང་བསྟན་པའི་དགེ་བཤེས་སྟོན་པ་རང་ལོ་སོ་དགུ་བཞེས་པ། དང་པོར་ཡང་གླིང་གསེར་གྱི་ལྷ་ཁང་དུ་མཇལ་ནས་བྱིན་གྱིས་བརླབས་པའི་ཚུལ་སྟོན་པའི་རྣམ་ཐར་གྱི་སྐབས་སུ་འབྱུང་ལ། དེ་ནས་བཤེས་གཉེན་སྟོན་པ་དང། ལྷ་བཙུན་པས་ཇོ་བོ་རྒྱ་གར་དུ་འབྱོན་དུ་མ་སྟེར། དབུས་ཀྱི་རྒྱལ་ཁམས་སུ་བསུ་བ་གནད་ལ་དགར་བའི་སྤྲིང་ཡིག་ཚིགས་སུ་བཅད་པ་བཅུ་དགུ་པ་གཏང། བོད་སྟོན་རྣམས་མ་སླེབ་རིང་ལ། ཐབས་དུ་མས་ཇོ་བོའི་ཐུགས་ངང་བསྲིངས་ཏེ་རྒྱ་དཔེ་རྟེན་གསུམ་ལ་སོགས་པའི་གཞི་ཐམས་ཅད་བལ་པོར་མ་སྐུར། དེའི་དུས་ཇོ་བོའི་ཕྱགས་ཕྱིར་གུང་ཐང་པ། སའི་སཾ་གྷ། ཨུ་པཱ་ས་སི་ཀ། ཨེ་ལ་དྷ་རི་ལ་སོགས་པ་དཔོན་སློབ་ཉི་ཤུས་བལ་པོར་བྱོན་ནས། མུ་སྟེགས་བཅིང་བའི་མཆོད་རྟེན་ནག་པོ་བཞི་མཛད། ཨུ་པཱ་ས་སི་ཀས་བཀྲ་ཤིས་པའི་མཆོད་རྟེན་དཀར་ཆེན་ཞེས་པ་ཆེ་བ་ཅིག་བཞེངས། གུང་ཐང་པས་ཇོ་བོ་ཡབ་སྲས་ཞལ་སྤྲོད་ཀྱི་རས་བྲིས་ཆེ་བ་ཅིག། ཨུ་པཱ་ས་སི་ཀས་ཇོ་བོའི་སྐུ་ལ་ལྷ་བཙུན་པ་དང། གུང་ཐང་པ་ལྡེམ་དུ་བྱས་པ་གྱང་རིས་ལ་བཀོད་དེ། རབ་གནས་ལ་སོགས་པ་ཞག་ཉི་ཤུ་རྩ་གཉིས་ལ་ཚར་བར་མཛད་དོ། དེ་ནས་