R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༠༡
[A:༡༠༡]པས་གསོལ་བ་འདེབས། །བསླུ་མེད་ཐུགས་རྗེས་སྔར་བཞིན་བཟུང་དུ་གསོལ། །དེ་ནས་མང་མཁར་མུ་གུ་ལུང་མཇལ་གནས་འབྲེལ་གྱི་ཚོགས་འཁོར་ཐུགས་དམ་གྱི་རིམ་པ་དགེ་སྦྱོར་རྒྱས་པར་བྱས་ནས་ཞག་གཅིག་བསྡད། རྗེ་བཙུན་ཆེན་པོའི་སྒྲུབ་ཕུག་ཆ་ལུང་དང༌། ཕུ་དགོན་སོགས་མཇལ་དུ་འགྲོ་རྩིས་ཕུ་ན་འབུམ་པ་འདུག་ཟེར་བ་ནས་ཟླ་བོ་འདྲ་ཧན་བརྡལ་ནས་འགྲོ་མ་ནུས་པར་མ་འཁོར་ཕྱིར་འོང་ཁར་འཁོན་རོག་ཤེས་རབ་ཚུལ་ཁྲིམས་ཀྱི་གཏེར་ནས་བྱུང་བའི་ཕུར་ཆའི་ཕུར་པ་ཞིག །རྗེ་ཉིད་ཀྱི་དབང་བུམ། ཕྱག་དྲིལ་རྒྱུན་རིང་དུ་གནང་བའི་ཤིང་ཁུན་མ་ཤུབས་བཅས། སེང་ལྡེང་གི་ཁ་ཊྭཱཾ་ག །བདེ་མཆོག་རྩ་རྒྱུད་ཀྱི་ཊཱིཀྐ་མུ་ཏིག་ཕྲེང་བ། འཕགས་པ་རིན་པོ་ཆེའི་ཐུགས་དམ་ཧོར་སྐུ་གུར་གྱི་མགོན་པོའི་སྐུ་ཞིག་སོགས་གནང་བྱིན་ཀྱང་རྟེན་འབྲེལ་གྱི་སྒྲིག་ཕྱོགས་དང་བསྟུན་པ་བསམ་གྱིས་མི་ཁྱབ་པ་གནང༌། འདར་དུ་སྡོད་སྐབས་ནུབ་གཅིག་རྨི་ལམ་དུ་ལུང་པ་རི་ཀླུངས་ཐམས་ཅད་རྡོ་ཕ་ཝང་ཁོ་ནར་བྱས་པ་ཞིག་གི་ཁྲོད་ན་སྦྲ་ནག་ཆེན་པོ་ཐོག་དྲུག་ཐོག་བྱས་པ་ཞིག་གི་སྟེང་མ་ན་མགར་བ་སྣུམ་བག་ཆགས་པའི་བག་བྲོན་པོ་ཞིག་འཁོར་མང་པོ་དང་བཅས་འདུག་པའི་རྩར་སླེབ། དེ་ན་རེ་བནྡེ་ཆེན་པོ་བྱོན་པ་ལེགས་ཁ་སང་ནས་མཇལ་སྙམ་ཀྱང་ཁྱེད་གྲིབ་ཅིག་གིས་ཉོགས་ནས་འཕྲད་མ་ཐུབ། གདན་འདི་ལ་བཞུགས་ཟེར་སྟག་འབོལ་ཆེན་པོ་ཞིག་ལ་བཞག །ཁོ་རང་ནི་རྣམ་པར་འགྱིང༌། ཁོའི་བུད་མེད་འཁོར་གཡོག་མཆོར་ལ་རགས་པ་རྣམས་ཕྱག་འབུལ་དུ་བཅུག །འཁུར་བ་གཙོ་བོར་གྱུར་པའི་བཟའ་བཏུང་མང་པོ་དྲངས་ནས་ཁྱོད་ལ་འདི་