R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༠༠
[A:༡༠༠] དེར་ཞག་ཉི་ཤུ་རྩ་དྲུག་གི་བར་ལ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པའི་ལུགས་ཀྱི་དཔལ་མགོན་སྟོབས་འཕྲོག་དབང་པོའི་གཏོར་མ་དྲག་པོའི་འཆམས་དབྱངས་ཕྱག་ལེན་ཐམས་ཅད་མཁས་པར་སྦྱངས། ཟླ་བ་དེའི་ཉེར་དགུ་ལ་གཏོར་ཆེན་གནང་བའི་ལས་པ་བགྱིས་ཏེ་ཐོག་བཅད། གུར་གྱི་མན་ངག་གི་འཕྲོ་ཁ་ཅིག་ཆིག་བརྒྱུད་དུ་ཞུས། དུད་སོལ་ལྷ་མོའི་སྐོར་གསུང་ཆོས་ཁ་ཅིག་ཀྱང་ཐོབ། གཏོར་ཆེན་ཐོངས་པའི་ནུབ་མནལ་ལམ་གྱི་ཚུལ་དུ་རྗེ་བཙུན་རྡོ་རིང་པ་ཆེན་པོ་དང༌། ཆོས་རྗེ་རྡོ་རྗེ་གདན་པ་ཞལ་རྒྱས་སུ་བཞུགས་པ་དང་མཇལ་ནས། དཔོན་སློབ་གཉིས་ཀྱི་སྐུ་སྐྱེ་བ་སྔོན་མ་ཁ་ཅིག་ལུང་བསྟན་གསལ་བར་བྱུང༌། ད་ལམ་གཏོར་ཆེན་འདི་རྒྱས་པར་བྱས་པས་ཆོས་རྗེ་རྡོ་རྗེ་གདན་པ་ཆེན་པོ་མཉེས་པ་ཡིན་ནམ་གསུང་བ་ནས། དགའ་ཞིང་སྤྲོ་ལ་བ་སྤུ་ལངས། མཆི་མ་མང་དུ་ཤོར། རེ་ཞིག་ཧད་དེ་ལུས་པ་ཞིག་བྱུང༌། མནལ་ལམ་མིང་ཏུ་བཏགས་པའི་འོད་གསལ་ངང༌། །རྒྱལ་བ་རྡོ་རྗེ་འཆང་གཉིས་མངོན་སུམ་གཟིགས། །ལྐོག་གྱུར་སྔོན་གྱི་གནས་འགའ་ལུང་བསྟན་ཐོབ། །ངོ་མཚར་འདི་དང་འདི་འདྲ་གསུང་བ་ཐོས། །ཨ་ཧོ་སྲིད་པར་འཁྱམས་པས་ཆེས་དུབ་པ། །བདག་ལ་ཉིད་ཀྱིས་རིང་མོ་ཞིག་ནས་བསྐྱངས། །སྔོན་གྱི་ཞལ་བཞེས་བསླུ་མེད་བདེན་པའི་མཐུས། །འདིར་ཡང་སློབ་བཤད་སྙན་བརྒྱུད་ལྷུག་པར་སྩལ། །ད་དུང་ཁྱེད་དང་མཚུངས་པར་མ་གྱུར་པ། །དེ་སྲིད་མགོན་སྐྱབས་དཔུང་གཉེན་གཞན་མེད་པས། །ཡིད་ཆེས་དད་དང་གུས་