R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༠༣
[A:༡༠༣]བྱ་བ་བྲིས་འདུག་པ་ཞིག་མཐོང༌། སྔགས་པ་དེས་ངའི་ལག་ནས་བཟུང་སྟེ་མི་ཕོད་པའི་རྣམ་པས་གཏམ་མང་པོ་ལབས། ཤུགས་རིང་ཕྱུང་ནས་བུད་མེད་དེ་ལ་འདི་ལ་བསྙེན་བཀུར་གྱིས་ཟེར། དེས་ཀྱང་ཟ་རྒྱུ་མང་པོ་བྱིན་མཚམས་སུ་གཉིད་སད། དེ་ལ་བརྟེན་ནས་དེ་ནུབ་རྒྱང་གི་གཙུག་ལག་དུ་བསྡད་དེ་རྟེན་མཇལ་བྱེད་པར་བརྩམས་པས་རྒྱང་གྲ་ཚང་གི་རྒྱུགས་སྒྱུར་བྱེད་པ་དང་ཐུག །ལྷ་ཁང་སོ་སོ་ན་གཉེར་ཚང་ཆང་ཚང་སོགས་བྱས་ཡོད་པས་མི་ཡོང་ཟེར་བ་ལ། བླ་མ་དེའི་ཉེ་གནས་ཕེར་ཕེར་མོ་བྱེད་པའི་ཐེབ་ཤོག་པ་ཞིག་གདའ་བ་དེ་བོས་ཇ་ཆང་གསོལ་བ་བཟབས་ནས་ཞུས་པས་དགྱེས་བཞིན་དུ་ཁྲོལ་ཏེ་ཕྱིན་པ་ན། འཁྱམས་གྲ་དེ་ན་ཆང་འཐུང་བ་སྐྱ་སེར་ཕོ་མོ་མང་པོའི་ཁྲོད་ན། གདན་ཆུང་ཁ་ཡར་བརྩེགས་པའི་ཁྲི་སྟེང་ན། །བླ་ཆུང་ཆོས་པའི་གཟུགས་བརྙན་ཧོར་འདྲ་ཞིག །བེམ་ཆུང་གསར་རྙིང་བརྩེགས་མ་མང་པོ་གྱོན། །བློ་ཆུང་རང་མཐོང་ལངས་པས་འགྱིང་ཞིང་འདུག །དེ་ཚེ་དཀོར་གྱིས་མྱོས་པའི་ཉེ་གནས་འགས། །སྦྱིན་བདག་ཆང་གིས་མྱོས་པ་ཁ་ཅིག་ལ། །སྐོར་ཞལ་ཕོར་ཆེན་མྱོས་བྱེད་ཀྱིས་གང་བ། །འདྲེན་རིམ་འཕྱུགས་པས་མྱོས་ལྡན་དེ་དག་འཁྲུགས། །དེ་ཚེ་སྐྲག་པས་སྟབས་པའི་བླ་ཆུང་དེ། །གདན་ནས་ལྷུང་ཞིང་ཕྱོགས་བཅུར་ཕྱག་འབུལ་བྱེད། །སྦུགས་འཐུམས་ཡོན་མཆོད་དེ་པའི་རྣམ་འགྱུར་ཏེ། །མཐོང་བས་གད་མོའི་ངང་དུ་རེ་ཞིག་ལུས། །དེ་ནས་གསེར་ཁང་སོགས་ལྷ་ཁང་རྣམས་མཇལ། རྒྱང་མ་མཉེས་པའི་རྟགས་འདུག་ཟེར་དཀོན་གཉེར་དེ་ལབ་ཀྱི་འདུག །ལྷ་ཁང་དེ་དང་