R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༠༧
[A:༡༠༧] ཁྱད་པར་སྒྲུབ་ཆེན་དྲག་པོ་རང་བྱུང་རང་ཤར་གྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་ཞུས་པའི་ཚེ། བུམ་དབང་གི་སྐབས་སུ་གློ་བུར་དུ་སྤྲིན་འཁྲིགས་ནས་བུམ་ཆུ་སྟེར་བ་དང་མཉམ་དུ་ཁ་བ་ལྷག་པར་ཆེ་བ་ཞིག་གསང་དབང་ཐུག་བབས། དབང་བཞི་པའི་མཎྜལ་ཕུལ་བ་ན་ནམ་མཁའི་མཐོངས་སིང་ངེ་གྱེས་ནས་ཉི་མ་དྭངས་ཤིང་དྲོ་བའི་ཚད་ཐུབ་པ་ཞིག་ཚོགས་འཁོར་མ་གྲོལ་གྱིར་བར་དུ་བྱུང༌། དེ་ནས་མཚན་ཡལ་ཁ་བ་ཆེན་པོ་རི་ཀླུངས་ཐམས་ཅད་དུང་ཕྱིས་པ་ལྟ་བུར་གྱུར་པ་སོགས་ཡ་མཚན་པའི་ལྟས་ཀྱང་བྱུང༌། རྫོགས་པ་ཆེན་པོ་དགོངས་པ་ཟང་ཐལ་ཉམས་ཁྲིད་ཡིད་ཆེས་པར་ཞུས། སྔ་ཕྱིར་གསེར་གྱི་མཎྜལ་བདུན་ཕུལ། ཚོགས་འཁོར་དྲུག་ཅུ་ཐམ་པ་སྐོར། ཆོས་ཆེ་ཆུང་གང་ལའང་དར་ཁ་ལ་ཆུང་མཐའ་བྱས་པའི་ཕྱག་རྟེན་རེ་ཕུལ། བླ་མའང་ཤིན་ཏུ་མཉེས། བདག་ཅག་ཛམ་བྷ་ལའི་ནང་དུ་བཅུག་གདའ་གསུང་དགྱེས་དྲགས་པའི་གསུང་མང་པོ་བྱོན། གོས་ཆེན་གྱི་པཎ་ཞྭ་ལེགས་པ་ཞིག་གིས་གཙོས་པའི་ན་བཟའ་ཆ་ཚང་བ། ཕྱག་དྲིལ། ཏིང་སོགས་བླ་ཆས་ཚང་མ་དཔུས་གཙང་བ་སོགས་འབུལ་བའང་གྱ་ནོམ་པ་ཕུལ་ཏེ་དགྱེས་བཞིན་དུ་ཕྱིར་བྱོན། སླར་ཕེབས་བཞེད་ཀྱང་འདུག་པ་བཞིན། གདན་དྲངས་པའི་གསུང་ཆོས་ལྷག་མ་ཐམས་ཅད་རྫོགས་པ་ཞིག་ཞུ་སྙམ་ནའང་དུས་ཀྱི་ཟིང་ལོག་གི་དབང་གིས་མ་གྲུབ་མོད། བླ་མ་འདི་ལ་ཐོབ་པའི་ཆོས་རྣམས་དཔེ་མེད་དུ་ཡེ་མ་བཞག་པས་ཐུགས་དགོངས་རྫོགས་པར་བྱས་པ་ཡིན་ནོ། །སྔ་འགྱུར་