R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༠༦
[A:༡༠༦]གུ་རུ་རིན་པོ་ཆེས། །མ་རིག་མུན་པ་སེལ་བའི་དངོས་གྲུབ་སྩལ་དུ་གསོལ། གསུང་ཞིང་བྱོན་པ་དང་སློབ་དཔོན་ནང་དུ་ཞུགས་པ་ཐུག་ནས་བྱིན་རླབས་ཞུས་པས་དངོས་གྲུབ་དང་གཏོར་དབང་གཉིས་ཀ་ཐོབ། དེ་ནས་གཟིམས་ཆུང་དུ་བྱོན་སྐབས་ཞུ་ཡིག་རྟེན་བཅས་ཕུལ་གཤིས་ཚུལ་ཞུས་པས། མདང་རྨི་ལམ་དུ་ཤར་འདི་ནས་ཉི་མ་ཞིག་ཤར་བྱུང་ནས་ལུང་པ་ཐམས་ཅད་འོད་ཀྱིས་ཁེངས་པ་ཞིག་རྨིས། ད་ལམ་དངོས་གྲུབ་འགྱེད་ཁའི་རྟེན་འབྲེལ་ཀྱང་ལེགས། བསྟན་པ་ལ་ཕན་པ་ཞིག་ཡོང་ཤས་འདུག་གསུང་བ་སོགས་དགྱེས་བཞིན་དུ་ཞལ་གྱིས་བཞེས་དུས་སྒྲིགས་བྱས་ཁོང་རྣམས་འཁོར་བྱུང༌། སླར་ཡང་གཏང་རག་དང་འཕྲིན་འཚོལ་རྒྱས་པར་བྱས་གདན་འདྲེན་ལ་བཏང་བས་ཟླ་བ་བཅུ་པའི་ཚེས་བཅུ་ལ་བདེ་གསལ་ཉིད་དུ་ཕེབས་བྱུང༌། དེ་སྣང་སྔ་མ་འདི་རིག་འཛིན་སངས་རྒྱས་བྱམས་བཟང་བྱ་བའི་བྱང་གཏེར་གྱི་བདག་པོ་དེའི་སྐུ་སྐྱེ། རྟ་མགྲིན་གྱི་སྤྲུལ་པར་ལུང་བསྟན། རྙིང་མ་གཏེར་ཁ་ཉི་ཤུ་ཙམ་གྱི་དབང་ལུང་མངའ། ཆོས་ཉིད་མངོན་སུམ་གྱི་སྣང་བ་ལ་མངའ་བརྙེས། སློབ་དཔོན་པདྨ་དང་ཁྲི་དངོས་སུ་ཞལ་གཟིགས། གཏེར་མགོན་ཕྱག་བཞི་པ་དང་བཟའ་བདུད་རཱ་ཧུ་ལ་སོགས་བྲན་དུ་འཁོལ། ལྷག་པར་བྱང་ཆུབ་ཀྱི་སེམས་འབྱོངས་ཤིང་ཕན་སེམས་ཆེ་བའི་མཐར་ཐུག །འཕྲལ་སྦས་པའི་རྣལ་འབྱོར་དུ་བཞུགས་པ་ཞིག་ཡིན། བླ་མ་དེ་ཟླ་བ་བཞིའི་བར་དུ་བསྟེན་ནས་བྱང་གཏེར་གྱི་ཆོས་ཚན་ལྔ་བརྒྱ་པ་ཕྲག་གཅིག་གཙོ་བོར་གྱུར་པའི་གཏེར་ཁ་བཅུ་ཙམ་གྱི་དབང་ལུང་ཕལ་ཆེ་བ་ཞུས།