R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༠༩
[A:༡༠༩]ནས། ཐོས་པ་ཙམ་གྱིས། རྨི་ལམ་དེའང་འདི་ཡིན་པ་འདུག་སྙམ་ནས་མོས་གུས་ཐུན་མོང་མིན་པ་སྐྱེས། དཀའ་ལས་ཆེ་བར་བྱུང་ནའང༌། ཞབས་ལ་གཏུགས་ཏེ་གསུང་ཆོས་གསོལ་བ་བཏབ་དགྱེས་བཞིན་དུ་ཞལ་གྱིས་བཞེས་ནས། ཐུགས་རྗེ་ཆེན་པོ་རྒྱལ་པོ་བཀའ་འབུམ་ལུགས་ཀྱི་ཚེ་དབང་གིས་སྒོ་ཕྱེ། ཁྱེད་རང་གི་སྐྱེབ་སྔོན་མ་ནས་ཀྱི་ཆོས་སྐལ་འདི་ཡིན་གསུངས་ནས་བཀའ་བརྒྱད་དྲག་པོ་རང་བྱུང་རང་ཤར་ཆེན་པོའི་རྩ་དབང་ཤིན་ཏུ་རྒྱས་པ་ཞིག་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་གནང༌། ཤིན་ཏུ་ངོ་མཚར་ལ་ཡིད་ཆེས་པ་ཞིག་བྱུང༌། གཞན་ཡང་ཐོར་བུ་འདྲ་ཐོབ་མོད། གཡེངས་སེ་བ་ཞིག་གིས་ཆོས་ལ་ཆིག་དྲིལ་བྱས་ཞུ་རྒྱུ་ནི་མ་བྱུང༌། རྗེ་ཉིད་ཀྱི་གཏེར་ཁ་གུ་རུ་ཞི་བའི་རྩ་དབང་ཞུས་པའི་ཚེ་ངོ་མཚར་བ་ཞིང་བྱུང་མོད། ཕལ་གྱི་བློར་ཤོང་བ་མེད་པས་ཨོཾ་ཨཱཿཧཱུྃ། འདས་མ་འོངས་ཀྱི་སྣང་ཚུལ་འདྲ་གསུང་གི་གདའ་བ་ཕལ་ཆེར་ཐོག་ཏུ་ཕེབས་བྱུང་ངོ༌། །རྒྱལ་བའི་དྲུང་ན་བཟང་སྐྱོང་ལྷ་ཡི་བུ། །ཨྱོན་དྲུང་ན་སྣ་ནམ་བདུད་འཇོམས་ཞེས། །ཟབ་གཏེར་མངའ་བདག་རྒོད་ཀྱི་ལྡེམ་ཕྲུ་ཅན། །སྙིགས་དུས་མཐའ་འདིར་རྡོ་རྗེ་གྲོ་ལོད་རྩལ། །སྔོན་གྱི་ཐུགས་རྗེ་སྨོན་ལམ་མཐུ་བཙན་པས། །ཕྱོགས་འདིར་བྱོན་ནས་བདག་ཅག་རྗེས་སུ་བཟུང༌། །སྔོན་དང་ཕྱི་མའི་གནས་འགའ་གསལ་བར་བསྟན། །བསམས་བཞིན་སྐུ་དྲིན་སྙིང་ནས་དྲན་ནོ་སྐྱོབས། །དེའི་ཚེ་ནུབ་ཅིག་གི་རྨི་ལམ་དུ། མདུན་གྱི་ནམ་མཁར་ལྷ་དམར་སྨུག་ཞལ་གསུམ་ཕྱག་དྲུག་པ་ཡུམ་